Saturday, 20 December 2014

ཡེ་ཤུའི་སྟོན་པའི་འཁྲུངས་སྐར་དང་ལོ་གསར་ལ་བཀྲ་ཤིས་བདེ་ལེགས། Happy Marry Christmas and new year

ངས་གངས་བབས་བཅུག་ཅེས་པའི་གཞས་གོ་དུས་གཅིག་འབྲི་སྙིང་འདོད།
I would like to write something when I heard the song of LET IT SNOW
གངས་རྒྱབ་དུས་མེ་ཏོག་ཆར་པ་ནང་བཞིན།ས་ལ་བབས་དུས་འབོལ་སྟན་བཏིང་བ་ནང་བཞིན།གངས་བབས་བཅུག གངས་བབས་བཅུག གངས་བབས་བཅུག
Snowing like flower rain
Snowed like sofa floor
Let  it snow Let  it snow Let  it snow
ཕྱི་ལ་ལྟས་ན་ཡུལ་ལྗོངས་དཀར་སིང་ངེ་། ནང་ལ་སེམས་པ་དཀར་སིང་ངེ་། གངས་བབས་བཅུག གངས་བབས་བཅུག གངས་བབས་བཅུག
Views are whiteness wherever 
Feelings are warming each others
Let  it snow Let  it snow Let  it snow

གནམ་གཤིས་གྲང་མོ་གཟུགས་པོ་ཚ་འུར་འུར།ཚ་གྲང་འཐབ་པའི་བདེ་བའི་རེག་བྱར་སྤྱོད།གངས་བབས་བཅུག གངས་བབས་བཅུག གངས་བབས་བཅུག
Weather is flowing cold, but body is flaming hot
It makes feel bliss yourself and enjoy it
Let  it snow Let  it snow 
Let  it snow
ཡེ་ཤུའི་སྟོན་པའི་འཁྲུངས་སྐར་དང་ལོ་གསར་ལ་བཀྲ་ཤིས་བདེ་ལེགས།
Happy Marry Christmas and new year

Sunday, 21 April 2013

དོན་མེད་བྲིས་སྙིང་དོད་


ཕུར་འགྲོ་ཨོ་རྒྱན་ཡུལ་ཞེས་བསྔགས་པའི་ཤར། །ཛ་ལཱན་དྷ་ར་རྡ་རམ་ཀོ་ཊ་ནི། །བདེ་མཆོག་དེ་ཝི་སྒྱུ་མའི་གར་སྟབས་བསྒྱུར། །མིང་པོ་དཔའ་བོ་གསེར་བུམ་བཅུད་ཀྱིས་བཀང་། །བདེ་ཆེན་ཧེ་རུ་ཀ་དཔལ་དཀྱིལ་འཁོར་རྫོགས། །སྐྱེ་མེད་ཨ་ཡིག་རང་འབུར་མདུན་ན་གནས། །སྔོན་དུས་རྒོད་ཚང་གྲུབ་ཆེན་ལ་སོགས་བགྲོད། །དངོས་གྲུབ་སྣ་ཚོགས་འཁྱེར་ནས་བོད་ལ་ལོག །ད་ལྟ་སྤྲང་ཕྲུག་ལས་དབང་དྲག་པོས་དེད། །ཡུལ་འདིར་གནས་ལ་དངོས་གྲུབ་མིན་འདུག་ཀྱང་། །ཟག་བཅས་སྐྱིད་པའི་བདེ་བ་ཁོང་ནས་ཤར། །བདེ་སྡུག་སྔོན་ལས་རག་ལུས་ཤེས་ནས་སུ། །བདེ་དུས་བདེ་བ་ཚོགས་སུ་མ་བསྔོ་ན། །བྱམས་བརྩེ་ཡུལ་གྱུར་མ་ཡི་ལ་གཡོགས་ཡོང་། །དེ་ཕྱིར་ང་ཡི་ལུས་སེམས་བདེ་བ་ཡིས། །ཉམས་ཐག་འགྲོ་བའི་བདེ་བའི་གསོས་སུ་ཤོག། །།སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་འགྱུར་ཅིག། །།

Friday, 19 April 2013

༄༅། །ཤོག་རྕལ་རབ་ཏུ་རྫོགས་པའི་མཁའ་ལྡིང་གི །འགྲོད་པའི་ལམ་དུ་བྱིའུས་རྩོལ་བ། ཧ་ཧ།


༄༅། །ཤོག་རྕལ་རབ་ཏུ་རྫོགས་པའི་མཁའ་ལྡིང་གི །འགྲོད་པའི་ལམ་དུ་བྱིའུས་རྩོལ་བ། ཧ་ཧ།
༄༅། །སྔ་མོ་ངས་ཆུང་དུས་གནས་ཆུང་ཆོས་སྤྱོད་དཔེ་ཆའི་ནང་༸རྒྱལ་དབང་ལྔ་པའི་གསུང་རྫོགས་ཆེན་དཔེ་ཞིག་མཇལ་མྱོང་བའི་ནང་། མཐོང་ཚད་སེམས་སུ་སྨྲ་བའི་ཕྱག་ཆེན་པ། །སེམས་ཀྱང་བེམ་པོ་ཐལ་བའི་འགལ་ཟླུམ་འཕྲེང་། །ལུགས་སྲོལ་དེ་འདྲ་འདི་རུ་འདྲངས་མི་བྱ། །གསུངས་པ་ཞིག་ཡོད་པས། ད་དེའི་ལུང་ཁུངས་རྣམས་དེང་སང་ཀློག་བཞིན་ཡོད་དེ་འདི་འདྲ་འདུག །ཐེག་མཛོད་པོད་སྨད་ཆ་དར་ཐང་དཔར་མ་ཤོགས་གྲངས་༡༩༥འདིར་ཁ་ཅིག་སྣང་བ་སེམས་སུ་ངོ་སྤྲོད། སེམས་སྟོང་པར་ངོ་སྤྲོད་ཅིང་། ངོ་སྤྲོད་སྤྲས་པ་ལས། ཨེ་མོ་ཧོ་སྣང་བ་སེམས་སུ་ངོ་སྤྲད་པས་སེམས་ལ་བྱེན་ཚུད། སེམས་ཉིད་སྟོང་པར་ངོ་སྤྲད་པས་སྟོང་པ་བདེ་བའི་རྒྱས་གདབ། སྟོང་པ་རིག་པར་ངོ་སྤྲད་པས། རིག་ཉིད་དབྱིངས་དང་གཉིས་སུ་མེད་དེ་ཁོ་ན་ཆོས་སྐུའོ་ཞེས་པའི་ཚིག་ལ་དོན་རང་མཚན་དུ་ཞེན་པར་སྣང་སྟེ། འདི་ལ་དགོངས་གཞི། དགོས་ཆེད། དངོས་ལ་གནོད་བྱེད་ཀྱི་ཚད་མ་དང་གསུམ་ཡོད་པས་སྙིང་ཏིག་གི་དགོངས་པའི་ཕྱོགས་ལ་མི་ཉེ་བ་ཡིན་ནོ། །དགོངས་གཞི་ནི། ཞེས་པ་ནས་མདོར་བསྡུ་ན། སྣང་བ་སེམས་སུ་འདོད་པ་འདི་ལོག་རྟོག་གི་མུན་པ་ཆེན་པོ་ཡིན་པས་བསལ་དགོས་སོ། །ཞེས་གསུངས་པས། རྫོགས་ཆེན་སྙིང་ཏིག་པས་ཀྱང་དབུ་མ་ཐལ་གྱུར་པ་ལྟར་ཕྱི་དོན་བཞེད་པ་ལ་དོགས་པ་མིན་འདུག་གོ །འོ་ན་འདི་པའི་ལུགས་ལ་སྣང་བ་རྣམས་ཇི་ལྟར་ཡིན་ཞེ་ན། ཤོགས་གྲངས་༡༩༤རྒྱབ་གཟིགས་འདི་ཉིད་ལས། སྣང་བ་སེམས་ཀྱི་རོལ་པར་ངོ་སྤྲད། རོལ་པ་གཞི་མེད་གསལ་སྣང་དུ་ངོ་སྤྲད། གསལ་སྣང་དུ་བཟུང་ན་འཁྲུལ་པ་ངོ་སྤྲད། མ་བཟུང་རང་གསལ་མེད་སྣང་དུ་ངོ་སྤྲད་པས་ཕྱི་ཡུལ་སྣང་སེམས་དང་གཞན་དུ་མ་གྲུབ་པར་ཐག་ཆོད་པས་འཁོར་བར་སྐྱེ་བའི་ཡུལ་སྟོངས་པའོ། །ཞེས་སོགས་གསུངས་སོ། །མདོར་ན་སྣང་བ་སེམས་ཀྱི་རོལ་པ་གསུངས་པ་ལས་སེམས་མ་ཡིན་པར་གསུངས་སོ། །འདི་ཕྱིས་འཇིག་གླིང་དང་༸གོང་ས་ལྔ་པས་སྐྱར་ནན་གནང་པའི་དགོས་པ་ཆེན་པོ་ཡོད་དེ། གཞན་དུ་མན་ངག་ཟབ་མོའི་ལོག་རྟོག་དྲངས་སྲིད་དོ། །

Saturday, 12 January 2013

6-10/1/13.དགོངས་གཅིག་ཟིན་བྲིས། gongchig note घोड चीग चारचा

འབྲི་གུང་མཁན་ཆེན་དཀོན་མཆོག་རྒྱལ་མཚན་ལ་ན་མོ།

༦ ༡ ༡༣༈ དགོངས་གཅིག་འབྲས་བུའི་གནད་བསྡུས་ཀྱི་འཚོམས་རྡོ་རྗེའི་གསུང་༡༥ལས་ ༡པོ། སངས་རྒྱས་ཀྱི་སར་བདེན་པ་གཉིསུ་མེད། བྱ་བ་ལ་ཞལ་སྔ་ནས། ཆོས་ཐམས་ཅད་རང་གི་སེམས། སེམས་སྤྲོས་པ་དང་བྲལ་བ། གང་གི་མཐར་མ་ལྷུང་བའི་གདོད་ནས་གནས་པ་དེ་སངས་རྒྱས་ཀྱིས་མངོན་དུ་བྱས་པས་དེ་དང་མཉམ་ཉིད་དུ་གྱུར་པས། བདེན་གཉིས་དབྱེར་མེད་སོགས་གཉིས་ཆོས་ལས་འདས་གསུངས། །དགེ་ལྡན་པས་ནི་བདེན་གཉིས་དབྱེར་མེད་ལ་འདི་ལྟར་བཤད་དེ་དོན་དམ་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཀྱི་ཐུགས་དང་ཀུན་རྫོབ་དེ་ལས་ཤར་བའི་གཟུགས་སྐུ་སྒྱུ་ལུས་གཉིས་དབྱེར་མེད་དེ་གསང་འདུས་ལས་ཁྱོད་ཀྱི་སྐུ་གསུང་ལྟ་བུ་གསུང་ཐུགས་ལྟ་བུ་སྐུ་གསུང་ཐུགས་དབྱེར་མེད་པ་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་ཟེར་སྙམ། ། ༈རྡོ་རྗེའི་གསུང་༢པ།  ཡེ་ཤེས་ནི་གཉིས་སུ་མེད་པའི་ཡེ་ཤེས་ཁོ་ན། བྱ་བ་ནི་རྣམ་རྟོག་ཕྲ་རགས་ཀུན་འགག་པས། སེམས་དགག་པ་ཡི་སྐུ་ནི་མངོན་དུ་མཛད། ་ཅེས་པ་དང། ཡེ་ཤེས་གཅིག་ཡོད་ནི་ཡོད་དེ། མཁྱེན་པའི་ཡེ་ཤེས་སྐད་ཅིག་གིས། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅན། །ཞེས་ཡོད་མེད་གཉིས་ཆོས་ཀྱི་མཐའ་ལས་འདས་པ་ཁ་ནའོ། ། ༈རྡོ་རྗེའི་གསུང་༣པ། སྒྱུ་མ་ལྟ་བུའི་ཆོས་ལས་ཡང་དག་འདས། བྱ་བ་ནི་ཞལ་སྔ་ལས། སངས་རྒྱས་བཅོམ་ལྡན་འདས་ནི་འཁོར་འདས་ཀྱི་ཆོས་མ་ལུས་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ངོ་བོར་སངས་རྒྱས་པ་ཡིན་ལ། གསུངས་པས་དེར་སྒྱུ་མ་དང་སྒྱུ་མ་ལྟ་བུ་ནི་ག་ལ་ཡོད། །འོན་ཏེ་གོང་དུ་ཞུས་པའི་ཟུང་འཇུག་གི་སྒྱུ་མའི་སྐུ་ནི་ཡོད་དེ་གཟུགས་སྐུ་ཡིན་པའི་ཕྱིར། །
༈༧ ༡ ༡༣ རྡོ་རྗེའི་གསུང་༡༥ལས་༤པ། སངས་རྒྱས་དུས་རྟག་ཏུ་ཚད་མ་བཞུགས། བྱ་བ་ནི་སྟོབས་བཅུ་ལྡན་པ་སོགས་ཀྱི་ཤེས་ལ། ཕྱོགས་ཀྱི་གླང་པོས་ཀྱང་། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབས་ལ་ཕྱག་འཚལ་ལོ། །ཞེས་སོ། །༈ རྡོ་རྗེའི་གསུང་༥པ། བྲལ་བའི་འབྲས་བུ་ཡེ་ཤེས་ཐུགས་ཅན། བྱ་བ་ནི་བྲལ་སྨིན་གྱི་ཡོན་ཏན་དྲུག་ཅུ་རྩ་བཞི་ལ་གསུངས་པ་འདྲ་སྙམ་པ་ལས་བཤད་མ་སྤོབས་སོ། །༈ རྡོ་རྗེའི་གསུང་༦པ། ཆོས་སྐུ་ཡོན་ཏན་མཛད་པ་དང་བཅས་པ། སངས་རྒྱས་ཀྱི་ཆོས་སྐུ་མཐར་ཐུག་དེ་བརྙེས་པས། ཆོས་སྐུ་དེའི་ཡོན་ཏན་ལོངས་སྤྱོད་རྫོགས་སྐུ་དང་། ཆོས་སྐུ་དེའི་འཕྲིན་ལས་སྤྲུལ་པའི་སྐུ་བྱུང་གསུངས། །
༨ ༡ ༡༣༈ རྡོ་རྗེའི་གསུང་༧པ། སངས་རྒྱས་ས་ན་ཐུགས་བསྐྱེད་ཡོད། བྱ་བ་ནི་མཁན་པོས། ཐུགས་བསྐྱེད་ཅེས་པ་འཕྲིན་ལས་རྒྱུན་མི་ཆད་པར་འཇུག་པ། གསུངས། །དཔེར་ན་ཡབ་སྲས་མཇལ་བའི་མདོ་ལས། དཔའ་བོ་རྣམས་ནི་ཐབས་མཁས་ཏེ། །བྱེ་བ་བརྒྱད་ཅུར་རྒྱལ་བ་ཉིད། །སངས་རྒྱས་ཉིད་དུ་བསྟན་གྱུར་ཀྱང་། །ད་དུང་ཆོག་པའི་འདུ་ཤེས་བསལ། །དཔའ་བོ་ཆེན་པོ་རྣམ་པར་འཕྲུལ། །བྱང་ཆུབ་མཆོག་ཏུ་ཐུགས་ཀྱང་འཇུག །ཞེས་པས་ཐེག་ཆེན་ལྟར་ན་བདག་ཅག་སྟོན་པ་ཡང་བསྐལ་པ་སྔོན་ནས་སངས་རྒྱས་ཟིན་ནས་སླར་ཡང་རྩོད་ལྡན་ཀྱི་དུས་འདིར་རྡོ་རྗེ་གདན་དུ་སངས་རྒྱས་པར་བསྟན་པ་བཞིན་ནོ། །༈ རྡོ་རྗེའི་གསུང་༨པ། ཐུགས་གཅིག་བུ་ཡང་རྟག་ཆད་ཀྱི་ལྟ་བུ་ཚུན་དུ་བྱུང་། བྱ་བ་ནི་སངས་རྒྱས་ཀྱི་སྐུ་གསུང་གཉིས་མ་ཟད་ཐུགས་གཅིག་བུ་ཡང་སེམས་ཅན་ལ་ཕན་ན་རྟག་ཆད་ལ་སོགས་པ་ངན་པའི་རིགས་ཀྱང་འཕྲིན་ལས་མཛད་ཅེས་པའོ། །དེས་ན་


༩ ༡ ༡༣༈ རྡོ་རྗེའི་གསུང་༩པ། ཤེས་བྱ་ལ་སྲིད་ཚད་ཀྱི་སངས་རྒྱས་ཀྱི་བྱ་བ་བྱེད། བྱ་བ་ནི་སངས་རྒྱས་ཀྱིས་སེམས་ཅན་ལ་ཕན་ན་མཛད་པ་བཟང་པོ་མ་ཟད་ངན་པ་ལྟར་སྣང་བ་ཡང་མཛད་ཅེས་པའི་དོན་སྟེ་མདོར་ན། གང་ལ་གང་འདུལ་དེ་ལ་སྟོན་པ། །གསུངས་པ་དང་དོན་གཅིག་ཡིན་གསུངས། །༈ རྡོ་རྗེའི་གསུང་༡༠པ། ཆོས་ཀྱི་དབྱིངས་ཐམས་ཅད་དུ་སངས་མ་རྒྱས་ན་སངས་རྒྱས་སུ་མི་འགྱུར། བྱ་བ་ལ་སངས་རྒྱས་ཀྱི་ཞལ་ནས། ཚངས་༼སངས་རྒྱས་༽པ་ངས་ཡོངས་སུ་ཆད་པའི་རྣམ་པས་ཚད་དང་ལྡན་པར་སངས་རྒྱས་པར་མ་ཡིན་གྱི། ཚངས་པ་ང་ནི་ཚད་མེད་ད་ཅིང་རིས་སུ་མ་ཆད་པའི་རྣམ་པས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མངོན་པར་རྫོགས་པ་སངས་རྒྱས། །ཞེས་གསུངས་པ་ལྟ་བུ། །༈ རྡོ་རྗེའི་གསུང་༡༡པ། རྒྱུ་མེད་ཀྱི་སྤྲུལ་པ་མི་སྲིད་པས་རང་རྒྱུད་པ། བྱ་བ་ནི་འདིར་རང་རྒྱུད་པ་ཞེས་བྱ་བ་རང་བཞིན་གྲུབ་པ་ལ་གོ་མི་རུང་རྒྱུ་མེད་སངས་ཀྱི་འཕྲིན་ལས་མེད་པ་ལ་གསུངས་པ་ཡིན། །དེ་ཡང་སངས་རྒྱས་ཀྱིས་གདུལ་བྱ་འདུལ་བའི་དུས་ལ་བབས་ནས་འཕྲིན་ལས་མཛད་པར་བཞེད་པ་ན། འདུལ་བྱེད་ཀྱི་ཏིང་ངེ་འཛིན་འདི་ཞེས་བྱ་བ་ལ་སྙོམས་པར་ཞུགས་སོ། །གསུངས་པ་དེ་འདུལ་བྱེད་ཀྱི་འཕྲིན་ལས་འབྱུང་བའི་རྒྱུ་བསྒྲུབས་པ་ཡིན་པས་ཐམས་ཅད་རྒྱུ་ཅན་འབའ་ཞིག་ཡིན། །རྒྱུ་ལ་ལྟོས་མི་དགོས་པའི་ཆོས་ནི་གཅིག་ཀྱང་མེད་དེ། མ་སྐྱེས་དགྲའི་འགྱོད་པ་བསལ་བ་ལས། ཆོས་ཐམས་ཅད་ནི་རྒྱུའི་རྗེས་སུ་འགྲོ་བ། རྐྱེན་ལ་རག་ལས་པ། སྲེད་པའི་རྩ་བ་ཅན་ནམ་སྨོན་ལམ་གྱིས་ཐོག་དྲངས་པའོ། །ཞེས་སོ། །
༡༠ ༡ ༡༣༈ རྡོ་རྗེའི་གསུང་༡༢པ། སངས་རྒྱས་རྟེན་འབྲེལ་གྱི་སྐུ་ཡིན། བྱ་བ་ལ་ཞལ་སྔ་ནས། སངས་རྒྱས་རྣམས་ནི་ཆོས་སྐུ་རང་བཞིན་གྱིས་རྣམ་པར་དག་པ་བརྙེས་པ་དང་གཅིག སེམས་ཅན་རྣམས་སངས་རྒྱས་ཀྱི་སར་འགོད་པའི་ཐུགས་དམ་དང་གཉིས། གདུལ་བྱ་རྣམས་སངས་རྒྱས་ཐོབ་པའི་ལས་བསགས་པའི་དད་པ་དང་རྟེན་འབྲེལ་གསུམ་ཚོགས་གྱིས་སངས་རྒྱས་མཇལ་ཐུབ་གསུངས། །༈ རྡོ་རྗེའི་གསུང་༡༣པ། སྨོན་པས་ལོངས་སྐུ་དང་འཇུག་པས་སྤྲུལ་སྐུ་ཡང་འབྱུང་། བྱ་བ་མགོ་ཚོད་མ་སོང་། །༈ རྡོ་རྗེའི་གསུང་༡༤པ། སྐུ་གསུམ་ཐ་དད་མེད་པར་བཞུགས། བྱ་བ་ལ་ངའི་བསམ་ཚོད་བྱས་ན། ཆོས་སྐུའི་རང་གདངས་ལོངས་སྐུ་དང་དེ་གཉིས་འཕྲིན་ལས་སྤྲུལ་སྐུ། །ལོངས་སྐུའི་ངོ་བ་ཆོས་སྐུ་དང་དེ་གཉིས་དབྱེར་མེད་ཀྱི་འཕྲིན་ལས་སྤྲུལ་སྐུ། །སྤྲུལ་སྐུའི་ངོ་བ་ཆོས་སྐུ་དང་དེ་འཆར་གཞི་ལོངས་སྐུ་ཡིན་པས་སྐུ་གསུམ་ཐ་དད་མེད་པར་བཞུགས་སྙམ། །༈ རྡོ་རྗེའི་གསུང་༡༥པ། སངས་རྒྱས་ཐམས་ཅད་སེམས་ཅན་གྱི་ཁམས་རྒྱུད་ལ་བཞུགས། བྱ་བ་ནི་སྤྱིར་སངས་རྒྱས་ཀྱི་ཐུགས་ཀྱི་མ་ཁྱབ་པའི་ཆོས་མེད་པས་ཆོས་ཐམས་ཅད་སྟེང་དུ་བཞུགས་ཀྱང་སེམས་ཅན་རང་གི་རྒྱུད་ལ་བཞུགས་པ་ཤེས་ན་བག་ཡོད་སླེབས་པ་དང་བྱིན་རླབས་མྱུར་བ་དང་བསྐྱེད་རིམ་ཡོངས་གྲུབ་སྟེ་སྣང་སྲིད་དག་མཉམ་གྱི་མདུད་པ་མང་པོ་ཞིག་རང་གྲོལ་ལ་འགྱུར་རོ། །ཞེས་འབྲས་བུའི་ཚོམས་ཀྱི་ཟིན་བྲིས་གོག་མདོ་ལགས་སོ། །སྨྲས་པ། འཇིག་རྟེན་གསུམ་མགོན་མངོན་པར་སངས་རྒྱས་ནས། །རྡོ་རྗེའི་གསུང་གིས་དམ་བཅས་དགོ༵ངས་གཅི༵ག་ལ། །ཚངས་དང་དྲང་སྲོང་ཉན་རང་སེམས་དཔའ་ཡིས། །དཔོག་པར་ནུས་མ་ཡིན་ན་བདག་འདྲ་ཅིས། །འོན་ཏེ་བྱིས་པ་སྨྲ་བ་གོམས་པའི་ཕྱིར། །བླ་བརྡོལ་ཇི་ཙམ་སྒྲོག་པ་དེ་ཙམ་དུ། །བརྩེ་བའི་མ་རྣམས་ཞེ་ནས་དགའ་གྱུར་པས། །དམ་པའི་ཚོགས་ལ་མཆོད་པ་ཅིས་མི་འགྱུར།་།དེ་ཕྱིར་འདིར་འབྲེལ་ཉན་ཟིན་བྲིས་པ་དང་། །དམ་པའི་གསུང་ལ་གོམས་དང་འཁོར་འདས་ཀྱི། །རྣམ་དཀར་ཇི་སྙེད་བསགས་པ་དེ་དག་ཀུན། །འགྲོ་ཀུན་བྱང་ཆུབ་ཐོབ་པའི་རྒྱུ་རུ་བསྔོ་། །ཁྱད་པར་བདག་ནི་དྲང་པོར་གནས་པ་ལ། །འཇམ་པོའི་གཡོ་དང་རྩུབ་པོའི་དྲག་ཤུལ་གྱིས། །བདུད་ཀྱི་རིས་ཀྱིས་ནམ་ཡང་མི་གཡོ་བ། །ཕྱིར་མི་ལྡོག་པའི་བྱང་སེམས་ལྟ་བུར་ཤོག །ཧ་ཧ། ཀུན་ལ་འཁོ་ཞིང་ཀུན་དང་མི་མཐུན་པའི་བཤད་པ་ཡ་མཚན་པའི་དགོངས་གཅིག་ཟིན་བྲིས་རྫོགས་སོ།། །།སརྦ་མངྒ་ལཾ།། །།
 དགོངས་གཅིག་ཆོས་འཁོར་འཚོམས་རྡོ་རྗེའི་གསུང་༣༠ལས་༡པོ། སངས་རྒྱས་ཀྱི་ཆོས་ཐམས་ཅད་བབས་ཀྱི་གནས་ལུགས་བསྟན། །བྱ་བ་ལ་ངས་གོང་དུ་བྲིས་ཟིན་འདུག ༈རྡོ་རྗེའི་གསུང་༢པ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཡང་སངས་རྒྱས་སྒྲུབ་པའི་ཐབས་སུ་གཅིག བྱ་བ་ནི་ཇོ་བོ་བཀའ་གདམས་པས་གསུང་རབ་མ་ལུས་གདམས་པར་འཆར་བའི་དོན་དང་གཅིག་སྙམ། །༈ རྡོ་རྗེའི་གསུང་༣པ། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལམ་སྐྱེ་བའི་རིམ་པ། བྱ་བ་ནི་ཞལ་སྔ་ལས། དེ་རྣམས་གང་ཟག་གཅིག་གི་རྒྱུད་ལ་རིམ་པ་བཞིན་འབྱུང་སྟེ། །གསུངས་པ་བཞིན་སྤྲུལ་སྐུ་གསུང་རབ་པས། ཐེག་པ་རིམ་པ་དགུ་ནི་གང་ཟག་གཅིག་གི་རྒྱུད་ཀྱི་ཉམས་སུ་ལེན་ཚུལ་གྱི་དབང་དུ་བྱས་སོ། །གསུངས་པ་ལྟར་འདྲ། །༈ རྡོ་རྗེའི་གསུང་༤པ། ཆོས་ཀྱི་འཁོར་ལོ་གསུམ་འཁོར་གྱི་རྟོགས་པའི་ཁྱད་པར། བྱ་བ་འདི་གལ་ཆེ་གསུངས། །མདོར་ན་ཞལ་སྔ་ནས། གདུལ་བྱ་རྣམས་ཀྱི་རྟོགས་པ་གོང་ནས་གོང་དུ་འཁྲིད་ཅིང་བོགས་དབྱུང་བའི་ཕྱིར་དེ་དང་མཐུན་པའི་ཁྲིད་ཀྱི་རིམ་པ་བསྟན། གསུངས། །འོན་ཏེ་འདིར་འཁོར་ལོ་ཐ་མ་ངེས་དོན་ལ་གོ་བ་ལས་ལེགས་པར་རྣམ་ཕྱེ་གོ་མི་རུང་། །༈ རྡོ་རྗེའི་གསུང་༥པ། ཆོས་ཀྱི་འཁོར་ལོ་རེ་རེ་ལ་ཡང་གསུམ་ཀ་ཚང་། བྱ་བ་རྒྱས་པ་འགྲེལ་པར་གཟིགས། དཔེ་མཚོན་ཙམ་བརྗོད་ན། འཁོར་ལོ་དང་པོ་བདེན་བཞི་ནི་བཀའ་དང་པོ། དེའི་འགོག་བདེན་མཐར་ཕྱིན་པ་བཤད་པ་ནི་བཀའ་བར་པ་མཚན་ཉིད་མེད་པ། །དེའི་ལམ་བདེན་མཐར་ཕྱིན་པ་བཤད་པ་ནི་བཀའ་ཐ་མ་ངེས་དོན་ཡིན་ཞེས་གངས་ཅན་མགོན་པོས་རྒྱུན་དུ་གསུངས་པ་རང་གི་རྣ་བར་འཇག་པ་ཞིག་ཡིན། །༈ རྡོ་རྗེའི་གསུང་༦པ། ཆོས་ཀྱི་འཁོར་ལོ་ཕྱི་མ་ཕྱི་མའི་ས་བོན་སྔ་མ་སྔ་མ་ལ་གནས། བྱ་བ་གོང་མ་ཐག་མ་དང་འབྲེལ་ཞིང་དཔེར་མཚོན་ཙམ་ལ། བཀའ་ཐ་མ་བདེ་གཤེགས་སྙིང་པོའི་སྤྲོས་བྲལ་གྱི་ཆ་བཀའ་བར་པར་ཤིན་ཏུ་གསལ་བ་ལྟར་རོ། །༈ རྡོ་རྗེའི་གསུང་༧པ། མདོ་དང་དོན་གྱི་གནད་ཀྱིས་འཁོར་ལོ་གསུམ་དུ་ངེས། བྱ་བ་ནི། བཀའ་འམ་འཁོར་ལོ་ཐོག་མཐའ་བར་གསུམ་དུ་ཕྱེ་བ་ནི་དུས་སྔ་ཕྱི་བར་གསུམ་སོགས་ཀྱིས་མི་ཕྱེ་བར་ མདོ་དང་དོན་གྱི་གནད་ཀྱིས་འཁོར་ལོ་གསུམ་དུ་ཕྱེ་བར་ངེས་གསུངས་སོ། །ཞེས་པ་ནི་གོང་གི་ཆད་པ་ཁ་བསྐང་གི་ཆེད་དུའོ། །

Saturday, 5 January 2013

28-5/1/13.དགོངས་གཅིག་ཟིན་བྲིས། gongchig note घोड चीग चारचा

དཔལ་ཕག་མོ་གྲུབ་པ་ལ་ན་མོ།

༢༨ ༡༢ ༡༢༈ དགོངས་གཅིག་ལྟ་སྒོམ་སྤྱོད་པའི་གནད་བསྡུས་ཀྱི་འཚོམས་༢༠ལས་རྡོ་རྗེའི་གསུང་༡པོ། བརྒྱུད་པ་བརྒྱུད་པའི་ཆོས་ཟབ་ཅིང་ངོ་མཚར་བ་ཡིན། བྱ་བ་ལ་བརྒྱུད་པ་དེ་ཡང་འདིར་ཞལ་སྔ་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་ནས་རང་གི་རྩ་བའི་བླ་མའི་བར་དུ། ཞལ་ནས་ཞལ་དུ་བརྒྱུད་པས་བརྗོད་བྱེད་ཀྱི་ཚིག་ཟུར་མ་ཉམས་པ། སྙན་ནས་སྙན་དུ་བརྒྱུད་པས་རང་བཟོ་དང་སྙན་མངགས་སུ་མ་སོང་བ། ཐུགས་ནས་ཐུགས་སུ་བརྒྱུད་པས་བརྗོད་བྱའི་དོན་བྱིན་རླབས་ཀྱི་བརྒྱུད་པ་མ་ཆད་པ་ཡིན་ཏེ། འདྲེས་འཁྱེར་དང་དམ་ཉམས་ཀྱི་བརྒྱུད་པར་མ་སོང་ཞིང་། སྒྲུབ་བརྒྱུད་ཀྱི་བཀའ་མ་ཞིག་ལ་ཚོང་དུས་ཀྱི་འོ་མ་ལྟར་མ་སོང་སྟེ། མི་བར་ཁྱིས་མ་ཆོད་པ་དེ་ལྟ་བུ་ལས་བྱུང་བའི་ཆོས་ཟབ་ཅིང་ངོ་མཚར་བ་ཡིན། གསུངས། །དེ་ཡང་རྗེ་སྒམ་པོ་པ་ལ་སྟོན་པ་རྫོགས་པའི་སངས་རྒྱས་ནས་ཇོ་བོ་རྗེ་ཡབ་སྲས་བརྒྱུད་བཀའ་གདམས་དང་། རྡོ་རྗེ་འཆང་ནས་མར་མི་ལས་ཕྱག་ཆེན་ཆོས་དྲུག་ཏེ་བཀའ་ཕྱག་ཆུ་བོ་གཅིག་འདྲེས་སུ་གྱུར་པ་ངོ་མཚར་བའི་བརྒྱུད་པ་དེ་ལྟ་བུ་མ་ཡིན་པར་ས་ཆོས་ཤིང་ཆོས་གནམ་ཆོས་རྡོལ་ཆོས་སོགས་ལ་བརྟེན་པ་མ་ཡིན་ནོ། །
༢༩ ༡༢ ༡༢ ༈རྡོ་རྗེའི་གསུང་༢པ། འཁོར་འདས་ཀྱི་བསྡུས་པའི་ཆོས་ཐམས་ཅད་སེམས་ཡིན། །བྱ་བ་འདིར་ལང་གཤེགས་ལས། རྣམ་རྟོག་བག་ཆགས་འཁྲུལ་པ་ལ། །མི་རྣམས་ལ་ནི་ཕྱི་རོལ་སྣང་། །ཕྱི་རོལ་སྣང་བ་ཡོད་མེད་དེ། །སེམས་ནི་ཕྱི་རོལ་ཉིད་དུ་སྣང་། །ཞེས་གསུངས་པ་ལྟར་སེམས་ཙམ་པ་ཤུགས་ཆེར་སྟོན་ཡང་སེམས་ཙམ་ནི་སེམས་བདེན་གྲུབ་ཏུ་འདོད་པས་རྟག་མཐའ་དང་། ཕྱི་དོན་མི་བཞེས་པས་ཆད་མཐའ་ཡོད་པས་འདིར་ནི་སེམས་བདེན་མེད་དུ་འདོད་ཀྱང་ཕྱི་དོན་བདེན་མེད་དུ་མཚུངས་ཀྱང་ཡོད་མེད་ལ་ལུགས་གཞན་དང་ཁྱད་པར་ཕྱེད་ན་བསམ། །སེམས་ཙམ་འདི་ལ་དོན་གནད་ཆེན་པོ་ཡོད་དེ་རང་རེ་ལ་སེམས་བདེན་མེད་དུ་སྒྲུབ་པའི་དཀའ་ངལ་ལས་སྣང་བ་སེམས་སུ་སྒྲུབ་རྒྱུ་དེ་དཀའ་ངལ་ཆེ་བས། སྣང་བ་སེམས་སུ་སྒྲུབ་པ་ལ་སེམས་ཙམ་གྲུབ་མཐའ་དེ་ཆེས་ཕུལ་དུ་གྱུར་པའོ། །འོན་ཀྱང་དབུ་མ་པས། སྣང་བ་སེམས་སུ་འདོད་པ་ནི་སེམས་ཙམ་དང་མི་འདྲ་བར་སེམས་ཀྱིས་བཏགས་པ་ཙམ་ལ་འདོད་པ་ལས་སེམས་ཉིད་སྣང་བར་འཆར་བ་མི་འདོད་དེ་འདོད་ན་བེམ་ཤེས་གཉིས་གཅིག་ཏུ་སོང་ལ་དེས་ན། མཐོང་ཚད་སེམས་སུ་སྨྲ་བའི་ཕྱག་ཆེན་པ། །སེམས་ཡང་བེམ་པོར་ཐལ་བའི་འགལ་དུམ་ཕྲེང་། །གསུངས་པ་ལྟར་གྱི་སྐྱོན་འཇུག་སྙམ། །
༣༠ ༡༢ ༡༢འོ་ན་དེ་ལྟར་ཡིན་ན་སེམས་ཀྱི་གང་བཏགས་བཏགས་ཡིན་པར་གྱུར་པས་རང་གིབདེ་སྡུག་གང་མྱོང་གཞན་གྱིས་མྱོང་ལ་གཞན་གྱི་གང་མྱོང་རང་གིས་མྱོང་ཟེར་ན། དེ་ལྟ་བུ་བསྣོལ་བར་མི་མྱོང་སྟེ། སྣང་བ་རང་སེམས་རྒྱུ་འབྲས་ཡིན་པས་དེའི་རྒྱུ་མཚན་བླ་མའི་ཞལ་ལས་ཤེས་པ་ནི། སེམས་རང་འོད་སྣང་བར་སྣང་བ། སེམས་རང་གཟུགས་ལུས་སུ་སྣང་བ། སེམས་རང་སེམས་སུ་སྣང་བ་དང་གསུམ། །༼པོ་ནི་༽སེམས་ཀྱི་ངོ་བོ། སེམས་ཀྱི་རང་བཞིན། སེམས་ཀྱི་བྱེད་ལས་སོ། །དེ་རྣམས་གལ་ཆེན་པོ་ཡིན་གསུངས། །༈རྡོ་རྗེའི་གསུང་༣པ། ཆོས་ཐམས་ཅད་བསམ་པ་སྐད་ཅིག་མའི་རང་གཟུགས། བྱ་བ་ལ་གསུམགོན་པས། རྗེ་ཕག་མོ་གྲུབ་པའི་སྣང་བ་རང་སེམས་ཀྱི་ཁྲོད་ནས་འམ་བུ༼་ང༽ས་བསམ་པའི་རང་གཟུགས་འདི་བརྙེས་པ་ཡིན་གསུངས། དེ་ལ་སྤྱིར་ཆོས་ཉིད་མི་བསམ་པའི་རང་གཟུགས་དང་ཆོས་ཅན་བསམ་པའི་རང་གཟུགས་གཉིས་ཡིན་ལ། སྔ་མ་ནི་ཕྱག་རྒྱ་ཆེན་པོ་ཡིན། ཕྱི་མ་ལ་གསུམ་སྟེ། ད་ལྟ་བ་ བསམ་པ་སྐད་ཅིག་མའི་རང་གཟུགས། ཚེ་འཕོས་པ་བ བསམ་པ་སྐད་ཅིག་མའི་རང་གཟུགས། ཚེ་མ་འཕོས་ཀྱང་ལུས་འགྱུར་བའི་བསམ་པ་སྐད་ཅིག་མའི་རང་གཟུགས། །དང་པོའི་དཔེ་ནང་དུ་ཞེ་སྡང་སྐྱེས་པའི་སྣང་བ་་ཐམས་ཅད་དམར་ལིང་གི་འགྲོ་བ་ལྟ་བུ། གཉིས་པའི་དཔེ་ཆོས་རྒྱལ་མྱང་ངན་མེད་སྔར་སྟོན་པ་མཇལ་ཞིང་བྱེ་མ་སྦར་བ་གང་ཕུལ་ཚེ་འདི་ལ་དགྲ་བཅོམ་པ་གྲགས་པ་མཇལ་ཞིང་མཆོད་རྟེན་བྱེ་བ་བཞེངས་པ་ལ་སོགས་བསོད་ནམས་དཔག་མེད་པ་ཞིག་ཡིན་ཀྱང་འཆི་ཁར་གཡོག་མོའི་རླུང་གཡབ་རང་གི་སྟེང་དུ་ལྷུང་བར་ཞེ་སྡང་དྲག་པོས་གསོས་བཏབ་པས་ཕྱི་མ་དེ་མ་ཐག་པར་སྦྲུལ་གདུག་པར་སྐྱེ་བ་སླར་ཡང་རང་གི་བཀྲེས་པ་སེལ་ཕྱིར་སྲོག་ཆགས་གཞན་ལ་གནོད་པར་བརྩམ་པ་ན་རང་གི་བཤེས་གཉེན་དགྲ་བཅོམ་གྲགས་པས་རྒྱལ་པོ་གང་དུ་སྐྱེས་པར་བརྟགས་དུས་སྦྲུལ་དེར་སྐྱེས་པར་མཁྱེན་ནས་རྒྱལ་པོ་ཁྱོད་སྔར་ཞེ་སྡང་གིས་འདིར་སྐྱེས་ད་དུང་སེམས་ཅན་ལ་གནོད་དམ་གསུངས་ནས་བཀའ་བཀྱོན་པས་སྦྲུལ་དེ་ནོངས་ནས་ཟས་མ་བཟོས་པར་ལུས་དེ་ཉིད་དུ་སྲོག་བཏང་ནས་ལྷ་ཡུལ་དུ་སྐྱེས་པར་གསུངས། །གསུམ་པའི་དཔེ་ནི། དགེ་ཚུལ་ཞིག་རང་གི་མཁན་པོའི་ཆོས་གོས་ལ་འཇུས་ནས་ཀླུ་ཡུལ་དུ་ཕྱིན་ནས་ཀླུ་རྣམས་ཀྱིས་བསོད་སྙོམས་ཕུལ་རྗེས་དགེ་ཚུལ་དེས་ལྷུང་བཟེད་དཀྲུ་ཤལ་སྐབས་མཁན་པོས་ལྷུང་བཟེད་ནང་གི་ལྷག་མ་ཅུང་ཞིག་རང་གི་ལྕེ་ལ་རེག་པས་བདུད་རྩིའི་དྲོ་བ་བསམ་གྱིས་མི་ཁྱབ་པ་མྱོང་བས་ཁོ་ཀླུ་རྣམས་ལ་ཆེར་ཁྲོས་ནས་སྐད་ཅིག་དེ་ཉིད་དུ་ཞེ་སྡང་གི་རང་གཟུགས་ལུས་ཀླུར་གྱུར་མཁན་པོས་ཀྱང་ཟློག་པར་མ་གྱུར་པས་ཕྱིས་ཀླུ་རྣམས་ལ་གནོད་པའི་ཀླུ་གདུག་པ་ཅན་གྱུར་གསུངས། །དེས་ན་ཐམས་ཅད་བསམ་པ་སྐད་ཅིག་མའི་རང་གཟུགས་ལས་གྲུབ་པར་གསུངས་སྟེ། སེམས་དང་། ལས་དང་། འབྲས་བུ་གསུམ་གྱི་བསྡུས་པས། གསུམ་ཚོགས་ཀྱི་རྟེན་འབྲེལ་ལས་བྱུང་བར་དྲན་པ་ཉེར་བཞག་ལས་གསུངས་གསུངས། །༈རྡོ་རྗེའི་གསུང་༤པ། གཤིས་ལ་མི་གནས་ན་བལྟས་པས་མི་འགྱུར། བྱ་བ་ནི་གཞུང་གཞན་ནས་བློས་མ་བཏགས་པའི་དངོས་པོ་མེད་ཀྱང་བློས་གང་བཏགས་བཏགས་ཡོད་མ་དགོས་གསུངས་པ་ལྟར་འདིར་ཞལ་སྔ་ནས། དེ་ཡང་ཐམས་ཅད་མཁྱེན་པའི་གནས་དང་གནས་མ་ཡིན་པ་མཁྱེན་པའི་གནད་དང་། རྟེན་འབྲེལ་རྒྱུ་འབྲས་ཤེས་བྱའི་གཤིས་དང་འགལ་བ་དང་། དཔལ་ཆོས་ཀྱི་གྲགས་པའི་ཚད་མས་ཀྱང་འདི་མི་འགྲུབ་པ་དང་། རང་བློ་འཁྲུལ་བ་ལ་ཚད་མར་བྱས་པ་ལོག་ཤེས་ཡིན་པ་དང་། རྒྱུ་མཚན་རྣམ་པ་བཞིའི་སྒོ་ནས་གཤིས་ལ་མི་གནས་ན་བལྟས་པས་མི་འགྱུར་གསུངས། །ཡང་དོགས་པ་ལ་བསམ་གྱིས་མི་ཁྱབ་པའི་སྐད་ཅིག་སྐལ་པ་སོགས་ཀྱང་གཤིས་ལ་ཡོད་པ་ཡིན་ཏེ། འབྲི་གུང་གླིང་པས། དེ་ནི་སྐད་ཅིང་བསྐལ་པ་རྒྱ་མཚོར་སྟོན། །ཞིང་ཁམས་མཐའ་ཡས་ཕྲ་བའི་རྡུལ་དུ་འཛུད། །མི་མཚུངས་མཛད་པ་དཔག་མེད་སྟོན་གྱུར་ཀྱང་། །དེ་དག་མི་འཁྲུགས་གཤིས་ལ་གནས་པ་ལགས། །ཞེས་གསུངས་པ་ལྟར་རོ། །དེའི་སྐབས་ལ་ཐུགས་སྣང་ཡོད་ན་འཁོར་ལོ་ཐ་མའི་བསྟན་དོན་བདེ་གཤེགས་སྙིང་པོ་དང་དེ་ལས་ཕྲོས་ནས་སྔགས་བླ་མེད་ལ་ཐོས་བསམ་གནང་ན་རྔོ་ཐོགས་ཤོས་ཡིན་ནོ། །
༣༡ ༡༢ ༡༢ ༈རྡོ་རྗེའི་གསུང་༥པ། མཚན་ཉིད་དང་མི་ལྡན་པའི་བླ་མས་ཡོན་ཏན་བསྐྱེད་པར་མི་ནུས། བྱ་བ་ནི་ཞལ་སྔ་ལས། རང་མ་སྨིན་པར་གཞན་སྨིན་ནུས་པ་ནི་མི་སྲིད་དེ། གཤིས་ལ་མི་གནས་ན་བལྟས་པས་མི་འགྱུར་བྱ་བ་འདིའི་གནད་ཀྱིས་དེ་ལྟར་འོང་། དེས་ན་བླ་མའི་མཚན་ཉིད། བཤེས་གཉེན་དུལ་བ་སོགས་གསུངས། མདོ་ཧྲིལ་གྱིས་དྲིལ་ན། ལུས་ངག་ཡིད་གསུམ་ཆོས་དང་མཐུན་པ། བྱམས་དང་སྙིང་རྗེ་བསམ་པ་བརྟན། །སྐྱེ་མེད་སྤྲོས་བྲལ་ངེས་ཤེས་ཆེ། །ཞེས་རབ་གསུམ་ལྡན་གསུང་། །འོན་ཏེ་རྒྱུ་ཞུགས་པ་ཀུན་དགའ་བོས་ཆོས་ཤེས་པས་དགྲ་བཅོམ་མང་པོ་བྱུང་བ་དང་། ཁྱིའི་སོ་ལས་རྒན་མོར་བྱིན་རླབས་ཐོབ་པ་ནི། ཀུན་དགའ་བོ་དང་ཁྱི་སོས་ནི་མ་ཡིན་སངས་རྒྱས་བཅོམ་ལྡན་ཉིད་ལ་དམིགས་ནས་ཡིན་པས་མ་འཆོལ་བར་བྱ། །འོེན་ཏེ་འཇིག་རྟེན་མགོན་པོས། བླ་མ་ངན་ལ་མོས་གུས་བྱས་པས་གྲིབ་ཡོང་ཟེར་བའི་རྗེས་སུ་མི་འབྲང་། མཆོད་པ་བྱས་པས་གནོད་ཡོང་ཟེར་བའི་རྗེས་སུ་མི་འབྲང་། ངན་པ་ལ་བཟང་པོར་བལྟས་པ་ལོག་ལྟ་ཡིན་ཟེར་བའི་རྗེས་སུ་མི་འབྲང་གསུངས། །དཔེ་ནག་ཤོད་རྒྱལ་འབྱུང་ལྟ་བུ་ཡིན་གསུང་སྟེ། ཁོང་བླ་མས་ཇི་ཙམ་སྒོམ་བཏབ་ཀྱང་མི་གཏུབ་པ་ལ་བླ་མས་ཁྱོད་སྔར་བླ་མ་གཞན་ཡོད་དམ་གསུངས་པས་སྔར་སྔགས་པ་ཞིག་ཡོད་པ་དེ་དང་བགྲས་ཚུལ་ཞུས་པས་དེར་སྡིག་བཤགས་དང་འཁོན་ལྡུམ་བྱེད་དུ་བཅུག་པས་དེ་ནས་བཟུང་སྒོམ་ཐུབ་པ་བྱུང་གསུངས། ། ༈རྡོ་རྗེའི་གསུང་༦པ། རྟོགས་པ་སྐྱེ་པའི་ཐབས་མོས་གུས་ཁོ་ནར་ངེས། །བྱ་བ་ལ་ཀྱེ་རྡོ་རྗེ་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟན་པ་དང་། །རང་གི་བསོད་ནམས་ལས་ཤེས་བྱ། །ཞེས་དང་རྒྱུད་བླར། རང་བྱུང་རྣམས་ཀྱི་དོན་དམ་དེ། །དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །ཞེས་སོ། །དེ་ཡང་བླ་མ་ལོངས་སྐུར་མཐོང་ཡང་ཤེས་སྒྲིབ་ཡོད་པས་ཆོས་སྐུར་མཐོང་བའམ་གོ་བའི་སྒོ་ནས་མོས་གུས་སྐྱེད་དགོས། །འཇིག་རྟེན་མགོན་པོས། རྡོ་རྗེ་འཆང་ཆེན་བླ་མ་ལ། །ཆོས་སྐུའི་འདུ་ཤེས་མ་བསྐྱེད་ན། །སེམས་ཉིད་རྟོགས་པ་ཁ་ལྟ་ཡིན། །རང་དང་གོང་མས་འཁྲེལ་བར་ཟད། །ཞེས་འདིར་གྲོལ་ལམ་ལ་མོས་གུས་ཁོ་ན་བརྩིགས་སུ་ཆེ། །
༡ ༡ ༡༣ ༈རྡོ་རྗེའི་གསུང་༧པ། ལྟ་བ་༼མཆོག་གྱུར་༽རྟོགས་པ་དང་ལྡན། བྱ་བ་ནི་སྤྱིར་མགོན་པོ་ཀླུས། ལྟ་བ་ཐམས་ཅད་སྤངས་པའི་ཕྱིར། །ཞེས་གསུངས་པས་ཕྱིར་རོལ་པ་ནས་བཟུང་དབུ་མའི་བར་གྱི་ལྟ་བར་གྱུར་ན་འཛིན་པ་བྱུང་བས་ལྟ་བར་ཁས་ལེན་པ་མེད་ཀྱང་ཅིས་ཀྱང་ལྟ་བ་ཞིག་དགོས་ཞེ་ན། དཔོན་སློབ་ཀྱི་རྟེན་འབྲེལ་ཚོགས་པ་ལས་བྱུང་བ། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་སེམས་སུ་རྟོགས་ཤིང་སེམས་ཆོས་སྐུའི་སྤྲོས་པའི་མཐའ་དང་བྲལ་བར་རྟོགས་པ་དེ་ཡིན་ཏེ། ལྟ་བ་དང་རྟོགས་པ་དེ་ཉིད་དབྱེར་མེད་གཅིག་ཏུ་གྱུར་པ་ཡིན་པས་འདི་༼མཐོང་ལམ་ཡིན་གསུངས་༽ལྟ་བུའི་རྟོགས་པ་དང་ལྡན་དགོས་གསུངས། །དེས་ན་༈རྡོ་རྗེའི་གསུང་༧པ། ཆེན་པོ་གསུམ་གྱིས་མ་རེག་པའི་རྟོགས་པ་ཡིན། བྱ་བ་འདི་གསུངས། ཆེན་པོ་གསུམ་ནི་དབུ་མ་ཆེན་པོ། ཕྱག་རྒྱ་ཆེན་པོ། རྫོགས་པ་ཆེན་པོའོ། །དེ་གསུམ་གྱིས་ཀྱང་མཚོན་མི་ནུས་ཏེ། དཔལ་ཕག་མོ་གྲུབ་པས། ཕྱག་རྒྱ་ཆེན་པོ་དཔེ་ནི་མཚོན་དུ་མེད། །དཔེ་ཡིས་མཚོན་ན་འདུས་བྱས་རྐྱང་པ་ཡིན། །ཞེས་དོན་གནས་ལུགས་མ་རྟོགས་ན་མིང་ཇི་ཙམ་ཆེ་ཡང་མི་ཕན་ནོ། །འོ་ན་མིང་དང་གྲུབ་མཐའ་བཞག་པ་ལ་དགོས་པ་མེད་དམ་སྙམ་ན་མ་ཡིན་ཏེ། ཁང་ཐོག་འགྲོ་བའི་སྐས་དང་། ཟླ་བ་སྟོན་པའི་འཛུབ་མོ་ལྟ་བུ་སྟེ་ཁང་ཐོག་ཏུ་མ་འགྲོ་བར་སྐས་ལ་འཇུ་བ་དང་། འཛུབ་མོས་སྟོན་པའི་ཟླ་བར་མི་ལྟ་བར་འཛུབ་མོ་ལ་ལྟ་བ་ནི་མཁས་པ་མ་ཡིན་པར་ཤེས་པར་བྱའོ། །དོན་ཤེས་ན་མིང་ནི་གང་ཡང་འདགས་སུ་རུང་སྟེ། རྗེ་སྒམ་པོ་པས། ངའི་སེམས་ཀྱི་ངོ་བོ་མཐོང་བ་དཀར་པོ་ཆིག་ཐུབ་བྱ་བ་ཡིན་གསུངས་པར་ལྟར་སྨན་གྱི་མིང་ལྟར་རོ། །
༢ ༡ ༡༣ ༈རྡོ་རྗེའི་གསུང་༩པ། ཐོས་བསམ་སྒོམ་པའི་སྟོང་ཉིད་ནི་ཤོར་གོལ་ཡིན། བྱ་བ་ནི་སླར་ནན་ཏན་སྟེ། ཞལ་སྔ་ནས། ཚུལ་ཇི་ལྟར་ཡིན་ན། བྱམས་པས། ཕྲ་ཕྱིར་ཐོས་པའི་ཡུལ་མིན་ཏེ། །དོན་དམ་ཕྱིར་ན་བསམ་པས་མིན། །ཆོས་ཉིད་ཟབ་ཕྱིར་འཇིག་རྟེན་པའི། བསྒོམ་པ་ལ་སོགས་ཡུལ་མ་ཡིན། །གསུངས་པས། གང་ཟག་གི་རིགས་པས་གཞལ། བློས་བརྟགས། ཚིག་གིས་གཏན་ཀ་ཕབ་པའི་སྟོང་པ་ཉིད་དེ། སྟོང་ཉིད་ཀྱི་དོན་ཞིག་བློ་ཡུལ་དུ་བྱས་པ་ཡིན། །མདོར་ན་འཇིག་རྟེན་མགོན་པོས། མོས་གུས་ཚད་དུ་མ་ཕྱིན་པར། །ཐོས་དང་བསམ་པའི་ཤེས་རབ་ཀྱིས། །བརྟགས་ཤིང་དཔྱད་པའི་སྟོང་ཉིད་ཀྱང་། །བློས་བྱས་སྟོང་པར་བླ་མས་བཞེས། །སོགས་ཀྱིས་ཤོར་ས་བཞི་དང་གོལ་ས་གསུམ་ལས་འདས་པ་གང་ལྟར་ལྟ་བ་གཏན་ལ་ཕབ་པ་ནི་གོང་དུ་སོང་བ་བཞིན། དཔོན་སློབ་ཀྱི་རྟེན་འབྲེལ་ཚོགས་པ་ལས་བྱུང་བ། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་སེམས་སུ་རྟོགས་ཤིང་སེམས་ཆོས་སྐུའི་སྤྲོས་པའི་མཐའ་དང་བྲལ་བར་རྟོགས་པ་དེ་ཡིན། །དེ་ལྟར་རྡོ་རྗེའི་གསུང་༧པ་༨པ་༩པས་ལྟ་བ་བཤད་ནས་སྒོམ་པ། ༈རྡོ་རྗེའི་གསུང་༡༠པ། རྟོགས་པ་གོམས་པར་བྱེད་པ་སྒོམ་པ་ཡིན། བྱ་བ་ནི་ཞལ་སྔ་ནས། དེ་ཡང་དཔོན་སློབ་ཀྱི་རྟེན་འབྲེལ་ཚོགས་པ་ལས་བྱུང་བ་ཆེན་པོ་གསུམ་གྱིས་མ་རེག་པའི་རྟོགས་པ་དེ་ལ་གོམས་ཤིང་འདྲིས་པར་བྱེད་པ་ལ་སྒོམ་ཟེར་བ་ཡིན། །གསུངས། །འདིའི་སྐབས་སུ་དྲན་པ་ཤིན་ཏུ་གལ་ཆེ་བ་ཡིན་གསུངས་ཤིང་བྱང་ཕྱོགས་སོ་བདུན་དྲན་པའི་སྟེང་ནས་ཉམས་སུ་ལེན་ཚུལ་གསུངས། །མཁན་པོ་ཉིད་འབྲི་གུང་བསྟན་འཛིན་ཉི་མ་མཇལ་ཚེ་ཁོང་གིས། མཐར་ཐུག་ཆོས་སྐུ་ནི་དྲན་པ་རེད། ཅེས་གསུངས་གསུངས། །གང་ལྟར་དྲན་པ་ལ་རྩོལ་བཅས་དང་རྩོལ་མེད་གཉིས། ལས་དང་པོ་པས་རྩོལ་བཅས་དྲན་པ་ཡང་ཡང་བསྟེན་པས་རྩོལ་མེད་ཀྱི་དྲན་པ་མངོན་དུ་བྱེད་དགོས། གསུངས། །མགོན་པོས། དུས་གསུམ་སངས་རྒྱས་ཀྱི་གཞུང་ལམ་དེ། །དུས་རྒྱུན་ཆད་མེད་པའི་དྲན་པ་ཡིན། །དྲན་པ་རྒྱུན་ཆགས་དེ་མ་ཤེས་ན། །ལུས་ངག་ཏབ་ཏབ་ཀྱི་ཁ་ན་མེད། །གསུངས་པ་བཞིན་ནོ། །ད་སྤྱོད་པ་ལ་༈རྡོ་རྗེའི་གསུང་༡༡པ། སྤྱོད་པ་བླང་དོར་བྲལ་བ་ཚུལ་འཁྲིམས་རིན་པོ་ཆེ་ཡིན། བྱ་བ་མདོར་བསྔུ་ན་ཞལ་སྔ་ནས། ལྟ་བ་རྟོགས་པ་དང་ལྡན་པ་དེ་བསྲུང་བ་ལ་སྤྱོད་པ་བླང་དོར་བྲལ་བ་ཚུལ་འཁྲིམས་རིན་པོ་ཆེ་ཞིག་ཅིས་ཀྱང་དགོས་གསུངས་པས། གོང་གི་ལྟ་སྒོམ་གཉིས་ཀྱི་ཤུགས་ལས་བྱུང་བའི་ཆགས་སྡང་བྲལ་བའི་སྤྱོད་པ་རང་གི་རྒྱུད་ཚོད་དང་བསྟུན་ནས་སྤྱོད་དགོས་པས་འདུལ་བའི་ཚུལ་འཁྲིམས་རིན་པོ་ཆེན་ཉིད་ཡིན་པ་ལས་སྙད་མུ་གེ་ལ་བཏགས་ནས་སྣམ་བུ་བོར་ཚོང་བྱེད་པ་ལྟར་སྙད་གསང་སྔགས་ལ་བཏགས་ནས་འདོད་ཡོན་ལ་ཆགས་པས་སྦྱོར་བ་དང་སྡང་བས་དགྲ་ལ་སྒྲོལ་བའི་མཐུ་སོགས་ནི་ནམ་ཡང་བླང་དོར་བྲལ་བའི་དོན་མིན་པས་མདོར་ན་སྤྱོད་པ་ཆགས་སྡང་བྲལ་བ་ཡིན་གསུངས། །མགོན་པོས། བླང་དོར་མེད་པའི་སྤྱོད་པ་དེ། །ཆགས་སྡང་མེད་པའི་ལུས་ངག་ཡིན། །གོ་བ་འཛོལ་ན་འཁོར་བར་འཁྱམས། །ཞེས་གསུངས་སོ། །
༣ ༡ ༡༣ ༈རྡོ་རྗེའི་གསུང་༡༢པ། ལྟ་སྒོམ་སྤྱོད་གསུམ་གཅིག་པ་ཡིན། བྱ་བ་ནི་ལྟ་བས་ཇི་ལྟར་ཐག་བཅད་པ་འམ་མཐོང་བ་བཞིན་སྒོམ་པས་གོམས་ཤིང་དེ་མཐུན་གྱི་སྤྱོད་པ་སྤྱད་པས་འབྲས་བུ་སྒྲུབ་དགོས། །དཔེར་ན་ལྟ་བ་སྤྲོས་མཐའ་བྲལ་བས་ཆགས་སྡང་ག་ལ་ཡོད། དེ་བཞིན་སྒོམ་པས་དེ་བསྟུན་ཀྱིས་ཆགས་སྡང་བྲལ་བ་ལ་གོམས། དེས་ན་སྤྱོད་པ་ཆགས་སྡང་བྲལ་བ་ཚུལ་ཁྲིམས་རིན་པོ་ཆེ་འདི་བྱུང་། །དེས་ན་རྗེ་ཕག་མོ་གྲུབ་པས། ལྟ་བ་སྒོམ་པ་སྤྱོད་པ་གསུམ། །རྟོགས་པ་གཅིག་ལ་ཚང་གྱུར་ན། །འབྲས་བུ་ཚེ་འདི་ཉིད་ལ་འཐོབ། །ཅེས་དང་། ལྟ་སྒོམ་སྤྱོད་གསུམ་གཅིག་ན་སྐུ་གསུམ་རྒྱུན་ཆད་མེད། །ཞེས་གསུངས། །འདིའི་དོན་ཤིན་ཏུ་གསལ་བ་སླར་ཡང་འདི་གསུངས་ཏེ། ༈རྡོ་རྗེའི་གསུང་༡༣པ། ཕྱག་རྒྱ་ཆེན་པོ་དང་ཚུལ་འཁྲིམས་གཅིག་པ་འཇིག་རྟེན་མགོན་པོའི་ཁྱད་ཆོས་བླ་ན་མེད་ཡིན། བྱ་བ་ལ་ཞལ་སྔ་ནས། དེ་ཡང་རྒྱུ་མཚན་བཞིས་གཅིག་སྟེ། མཚུངས་པར་གཅིག་པ། ཕན་ཚུན་འབྲེལ་པ་གཅིག་པ། བྱེད་པའི་ལས་གཅིག་པ། གཤིས་སྟོང་པ་ཉིད་དུ་གཅིག་པ་དང་བཞི་ཡིན་གསུངས། །དང་པོ། སེམས་རྟོགས་ན་ཆགས་སྡང་མེད་པས་ཚུལ་ཁྲིམས་བསྲུང་བ་དང་གཅིག །ཚུལ་ཁྲིམས་ལེགས་པར་བསྲུང་ན་ཆགས་སྔང་བྲལ་བས་སེམས་རྟོགས་ཏེ་སེམས་མ་རྟོགས་པའི་སྐྱོན་གློ་བུར་དེ་དང་བྲལ་བའི་ཕྱིར། །དེས་ན་རྒྱུད་བླར། སེམས་ཅན་བདེ་གཤེགས་ཁམས་མེད་ན། །སོགས་གསུངས་པ་བཞིན་སེམས་ཇི་ཙམ་རྟོགས་པ་དེ་ཙམ་ཚུལ་ཁྲིམས་དག་པར་གྱུར་པ་གསུངས། །གཉིས་པ་ནི། ཚུལ་ཁྲིམས་ནི་གཞི་དང་འདྲ་ཡང་སངས་མ་རྒྱས་བར་དུ་ལྟ་བ་ཕྱག་ཆེན་བཞིན་དགོས་ཏེ། མགོན་པོས། མཐར་ཐུག་སྟོབས་བཅུ་མ་ཐོབ་བར། །ལུས་སྲོག་ཕྱེ་མར་བྱས་ཀྱང་བླ། །སྟོན་པས་གསུངས་པའི་ཚུལ་འཁྲིམས་དང་། །སྐད་ཅིག་ཙམ་ཡང་མ་འབྲལ་ཅིག །ཅེས་གསུངས། །གསུམ་པ་ནི། གཉིས་ཀས་སྐྱོན་སྤོང་བ་དང་ཡོན་ཏན་འགྲུབ་པ་ལ་གཅིག་པ་ཡིན། །སྤྱིར་ཕྱག་རྒྱ་ཆེན་པོའི་ལྟ་བ་ཡངས་པས་ཚུལ་ཁྲིམས་དག་པ་ནི་ཤོང་བའམ་ཤིན་ཏུ་འཐད་ཅིང་འགལ་ཟླ་ཚུལ་འཆལ་མི་ཤོང་བའམ་གནས་མེད་དེ་ལྟ་བ་དེ་ཉིད་མཐོང་བའི་ལམ་དང་དེ་ལ་འདྲིས་པའི་སྒོམ་ལམ་གྱིས་སྤོང་བ་འགྱུར་བའི་ཕྱིར་ཡོན་ཏན་གྲུབ་ཅིང་སྐྱོན་སྤོང་བའང་མཉམ། །ཅི་སྟེ་སྟོང་རྐྱང་དྲེད་པོ་དག་གིས། ཕྱག་རྒྱ་ཆེན་པོ་ནམ་མཁའ་ཡངས་པ་ལ། །དག་པའི་ཚུལ་ཁྲིམས་བསྲུངས་བ་མི་ཤོང་ཞིང་། །ཉེས་སྐྱོན་མཐའ་དག་ཤོང་བ་གྱུར་པ་འདི། །མཐོང་དང་སྒོམ་པས་སྤོང་བ་མི་འགྱུར་ཞིང་། །ཞེས་པ་ལྟར་ཚུལ་ཁྲིམས་དག་པ་ཕྱག་ཆེན་ལ་མི་ཤོང་ན་སྐྱོན་སྤོང་མི་ནུས་པ་དང་ཡོན་ཏན་འགྲུབ་མི་ནུས་པ་འང་མཚུངས་པ་ཡིན། །བཞི་པ་ནི། སླ་སྟེ་ཚུལ་འཁྲིམས་རང་བཞིན་ཀྱང་སྟོང་ཉིད་ཡིན་ལ་ཕྱག་ཆེན་གྱི་རང་བཞིན་ཀྱང་སྟོང་ཉིད་ཡིན་པར་གཅིག་གོ །རྒྱས་པར་འགྲེལ་པར་གཟིགས། །
༤ ༡ ༡༣ ༈རྡོ་རྗེའི་གསུང་༡༤པ། ཕྱག་རྒྱ་ཆེན་པོ་ཡོན་ཏན་ཐམས་ཅད་ཀྱི་བདག་ཉིད་ཡིན། བྱ་བ་ལ་ཞལ་སྔ་ནས་རྒྱུད་བླར། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བར་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །ཞེས་གཞི་ལམ་འབྲས་བུ་གང་གི་སྐབས་སུ་ཡང་ཡོན་ཏན་གྱི་བདག་ཉིད་དུ་ཡོད་དེ། དཔེར་ན་གཞིའི་དུས་སུ་མནར་མེད་དུ་རླུང་སེར་བུ་ལྡང་བ་ཚུན་དང་སེམས་ཅན་རྣམས་ཐ་ན་སྡུག་བསྔལ་ཕྲ་མོ་ཡང་མི་འདོད་ཅིང་ཐར་འདོད་པ་སོགས་ནི་དེའི་ནུས་པ་སྟེ། དེ་ཉིད་ལས། གལ་ཏེ་སངས་རྒྱས་ཁམས་མེད་ན། །སོགས་དང་། ལམ་དུས་སུ་དེ་ཉིད་གོམས་པས་ས་རྣམས་ཀྱི་ཡོན་ཏན་རིམ་བཞིན་སྐྱེ་བ་དང་། འབྲས་དུས་སུ་དེ་ཉིད་མངོན་དུ་གྱུར་ནས་འཕྲིན་ལས་ནམཁའ་དང་མཉམ་པར་འབྱུང་བ་འོ། ། ༈རྡོ་རྗེའི་གསུང་༡༥པ། མཉམ་བཞག་ལ་ཡོན་ཏན་ཐམས་ཅད་འབྱུང་བ་ཡིན། བྱ་བ་ནི་རྡོ་རྗེའི་གསུང་གོང་མ་ཐག་པ་དེའི་ལམ་དུས་ཀྱི་ཡོན་ཏན་དམིགས་ཀར་བརྗོད་དེ། ཞལ་སྔ་ནས་མཉམ་བཞག་༼ཇི་ཙམ་ཐུག་པོར་གྱུར་པ་དང་༽རྒྱ་ཇི་ཆེར་སོང་བ་ལ་བརྟེན་ནས་ཡོན་ཏན་གྱི་རྒྱ་ཡང་ཇེ་ཆེར་འགྱུར་ཏེ། སྒྲིབ་ཇི་ཙམ་སངས་པ་བཞིན་རྗེས་༼ཐོབ་ཀྱི་༽ཤེས་༼པ་༽ཇེ་ཆུང་། རྗེས་ཆེས་ཇི་ཙམ་ཆུང་བ་བཞིན་དུ་མཉམ་བཞག་ཇེ་ཆེ། མཉམ་བཞག་༼ཇི་ཙམ་༽ཆེ་བ་ཙམ་དུ་ཡོན་ཏན་ཇེ་ཆེར་གྱུར་ཏེ། རིམ་གྱིས་ས་བཅུའི་བར་དུ་ཟླ་བ་ཡར་གྱི་ངོ་བཞིན་དུ་འགྱུར་བས། ཞེསོ། འབྲས་དུས་སངས་རྒྱས་ལ་ནི་མཉམ་བཞག་ཁོ་ན་ཡིན་པས་མཉམ་བཞག་ལ་ཡོན་ཏན་ཐམས་ཅད་འབྱུང་བ་ཡིན། །༈རྡོ་རྗེའི་གསུང་༡༦པ། རྒྱུ་མ་བསྒྲུབས་ན་ནི་ཡོན་ཏན་ཐམས་ཅད་མི་འབྱུང་། བྱ་བ་ནི་གོང་མའི་དོགས་གཅོད་དེ། ཕྱག་ཆེན་མཉམ་བཞག་དེ་ཉིད་གོམས་པའི་རྒྱུ་ལས་ས་བཅུ་དང་སངས་རྒྱས་ཀྱི་ཡོན་ཏན་རྣམས་འབྱུང་དགོས་པ་གོ་དགོས། །ཞོ་དཀྲོག་པའི་རྒྱུ་ལ་བརྟེན་ནས་མར་བྱུང་བ་བཞིན་ནོ། །༈རྡོ་རྗེའི་གསུང་༡༧པ། སྟོང་ཉིད་རྟོགས་ན་སྟོང་ཉིད་རྒྱུ་འབྲས་སུ་འབྱུང་། བྱ་བ་ནི་བཀའ་གདམས་གསར་རྙིང་གཉིས་ལ་ཤིན་ཏུ་རྒྱས་པར་བྱུང་ཞིང་དཔེ་ཙམ་མཚོན་ན། རྗེ་བློ་བཟང་གྲགས་པས། དེ་ཀུན་ངོ་བོས་སྟོང་པ་དང་།་།དེ་ལས་དེ་འབྲས་བྱུང་བ་དང་། །ངེས་པ་གཉིས་པོ་ཕན་ཚུན་དུ་། །གེགས་མེད་པར་ནི་གྲོགས་བྱེད་པ།་།ཞེས་དང་། །གཞན་ཡང་སྣང་བས་ཡོད་མཐའ་སེལ་བ་དང་། སྟོང་པས་མེད་མཐའ་སེལ་ཞིང་སྟོང་པ་ཉིད། རྒྱུ་དང་འབྲས་བུར་འཆར་བའི་ཚུལ་ཤེས་ན། །མཐར་འཛིན་ལྟ་བས་འཕྲོག་པར་མི་འགྱུར་རོ། །ཞེས་གསུངས་པས་མཚོན་ནུས། །འགངས་ཀྱང་ཤིན་ཏུ་ཆེ། །
༡ ༡༣ ༈རྡོ་རྗེའི་གསུང་༡པ། རྟོགས་ལྡན་ལ་ཐབས་ལམ་སོགས་ལྷག་པར་དགོས། བྱ་བ་ལ་རིན་ཆེན་ཐེམ་སྐས་ལས། བསམ་གཏན་དངོས་གཞི་མ་ཐོབ་བར། །ཆོས་ཉིད་རྟོགས་ཀྱང་ཡོན་ཏན་མེད། །དེ་བས་གཏུམ་མོ་བསྒོམ་པར་བྱ། །ཞེས་ཐུན་མིན་སྔགས་ལ་དེ་ལྟར་བྱ་སྟེ་རྗེ་མི་ལ་དགུང་ལོ་བཞི་བཅུ་རྩ་བཞི་ནས་བརྒྱད་ཅུ་རྩ་བཞིའི་བར་གཏུམ་མོ་གཙོ་གྱུར་གྱི་ཐམས་ལམ་གྱི་རྩལ་སྦྱངས་པ་བཞིནོ། ། ལམ་སྤྱིའི་དབང་དུ་ནི། སློབ་དཔོན་འཕགས་པས། དེ་ལྟར་རྣལ་འབྱོར་པ་རྣམས་ཀྱིས། །སྟོང་ཉིད་འདི་ནི་སྒོམ་བྱས་ནས། །བློ་ནི་གཞན་དོན་ལ་དགའ་བར། །གྱུར་པ་འདི་ལ་ཐེ་འཚོམ་མེད། །ཅེས་དང་། བྱམས་པས། མགོ་ལ་སེམས་ཅན་འཁུར་ཆེན་ཁྱེར་བ་ཡི། །སེམས་དཔའ་མཆོག་རྣམས་དལ་གྱིས་འགྲོ་མི་མཛེས། །ཞེས་གསུངས་པ་བཞིན་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་བཞིན་སངས་རྒྱས་ཀྱང་ཚོགས་གཉིས་ལ་ཆོག་མི་ཤེས་པའི་ཕྱིར་བཟང་པོ་སྤྱོད་པའི་སྨོན་ལམ་བཞིན་ཐབས་ཀྱི་སྤྱད་པ་སྤྱོད་པ་བཞིན་ནོ། ། ༈རྡོ་རྗེའི་གསུང་༡པ། ཚུལ་འཁྲིམས་ལ་གཅེས་སྤྲས་སུ་བྱ་བ་རིགས་༼པ་བརྟུལ་ཞུགས་ཀྱི་༽སྤྱོད་༼པ་༽ཁྱད་པར་དུ་འཕགས། བྱ་བ་ལ་ཞལ་སྔ་ནས། དེ་ལ་བརྟུལ་ཞུགས་ཞེ་བྱ་བ་ནི་སྤང་བྱ་ཉོན་མོངས་པ་དང་རྣམ་རྟོག་བརྟུལ་ནས་གཉེན་པོ་ཡེ་ཤེས་ཀྱི་སྟོབས་ལ་ཞུགས་པ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ཟེར་བས་བརྟུལ་ཞུགས་དེ་ལྟ་བུ་ནི་ཚུལ་འཁྲིམས་ཁོ་ན་ཡིན་ཏེ། ཐུབ་པ་ཆེན་པོས་གནས་དང་གནས་མ་ཡིན་པ་མཁྱེན་པའི་ཡེ་ཤེས་དང་ལྡན་པ་དེས་བཅས་པའི་འགག་སྒྲུབ་ཀྱི་སླབ་པ་རིན་པོ་ཆེ་འདི་ཁོ་ན་རིགས་སྤྱོད་ཁྱད་པར་དུ་འཕགས་པ་ཡིན། །ཞེས་འགྲེལ་པའི་གསུང་སོར་བཞག་ལས་བཤད་པ་བྱེད་མ་ནུས་སྟེ། གཏིང་པོགས་དཀའ་བ་ལྟ་བུ་ལགས། །༈རྡོ་རྗེའི་གསུང་༢༠པ། བྷུ་སུ་ཀུ་ཆོས་གསུམ་མེད་ན་ཞི་བ་ཉན་རང་ཡིན། བྱ་བ་ཞལ་སྔ་ནས་བྱུང་བའི་དོན་བསྡུས་ན། སྤྱིར་ལུ་ཨི་པ་དང་ཞི་བ་ལྷ་ལྟ་བུ་བྷུ་སུ་ཀུའི་སྤྱོད་པ་མ་གཏོགས་ཐམས་ཅད་བཞག་ཏེ་བསམ་སྒོམ་ལ་འཇུག་པ་ལ་གོ་རུང་ཡང་འདིར་ཆོས་གསུམ་ནི། ༡ཉེས་པའི་སྤུ་རིས་མཐོང་བ་ཚུལ་འཁྲིམས། ༢ཡོན་ཏན་དགོས་པར་གོ་བའི་སྒྲུབ་པ། ༣ཚད་མེད་སྙིང་རྗེས་བསྐུལ་བའི་གཞན་ཕན་དང་གསུམ་ནི་རིམ་པ་བཞིན་དང་པོས་ཉེས་སྤྱོད་བསྡོམ་པའི་ཚུལ་འཁྲིམས། གཉིས་པས་དགེ་བ་ཆོས་སྡུད་ཀྱི་ཚུལ་འཁྲིམས། གསུམ་པས་སེམས་ཅན་དོན་བྱེད་ཀྱི་ཚུལ་འཁྲིམས་སྒོ་ནས་འགྲེལ་པ་བྱེད་དོ། །དེ་ལྟ་བུ་མེད་ན་ཉན་རང་ལ་ལྷུང་ཉེན་པས་གསུངས། །དེ་དག་གི་ལྟ་བསྒོམ་སྤྱོད་པའི་ཟིན་བྲིས་ལགས་སོ།། །།

Friday, 28 December 2012

22-28/12/12.དགོངས་གཅིག་ཟིན་བྲིས། gongchig note घोड चीग चारचा

ཁྱབདག་རྡོེ་འཆང་ལ་ན་མོ།

༈ ༢༢ ༡༢ ༡༢ བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ། །སེམས་ནི་རྒྱ་ཆེ་མཆོག་ཏུ་རབ་བསྐྱེད་ནས། །འགྲོ་བ་འདི་དག་གདོད་ནས་སངས་རྒྱས་ཕྱིར། །གཞི་ཡི་དབང་ལ་ལམ་གྱི་དབང་བསྐུར་བས། །འདི་ན་སྣོད་མིན་མེད་པས་གསང་སྒྲོག་ཐལ། །གསང་སྔགས་ཀྱི་ཚོམས་འགོ་ཚུགས་པ་དང་འགོ་ཡི་དུས་རྒྱུན་ཞལ་འདོན་གྱི་ནང་དུའང་ཏིང་འཛིན་གྱི་དབང་བཞི་ཞིག་ཀྱང་ལེན་གནང་གི་འདུག །༈ དགོངས་གཅིག་གསང་སྔགས་གནད་བསྡུས་ཀྱི་འཚོམས་༢༨ལས་རྡོ་རྗེའི་གསུང་༡པོ། སྔགས་ནི་བསྟན་པ་གཞན་ལའང་འབྱུང་། བྱ་བ་ལ་རིགས་པ་ནི། སྒྲིབ་པ་ཕྲ་རགས་གཉིས་སྤོང་བའི་ཆེད་དུ་རྒྱུ་མཚན་ཉིད་དང་འབྲས་བུ་སྔགས་ཀྱི་ཐེག་པ་གཉིས་བྱུང་བས་སྔགས་ཀྱི་བསྟན་པ་ངེས་པར་འབྱུང་གསུངས། །ལུང་ནི་མཚན་བརྗོད་ལས། འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུང་འགྱུར་ལ། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །ཡང་དང་ཡང་དུ་གསུངས་པ་གང་། །སོགས་ལུང་མང་། དེ་ལྟར་ན་སྔགས་ཀྱི་བསྟན་པ་གཞན་ལའང་འབྱུང་གསུངས། །འོན་ཏེ་མི་འབྱུང་བར་གསུངས་པ་ནི་མངོན་ཚན་དང་ཤས་ཆེ་ཅུང་ལ་ལྟོིོས་ནས་གསུངས་གྱི། གཞན་དུ་ན་སྔགས་ཀྱི་གདུལ་བྱ་གར་ཡོད་དུ་སྔགས་ཀྱི་བསྟན་པ་འབྱུང་གསུངས། །འདི་ཡང་སྤྱི་བཞེད་དང་མཐུན་ནས་བྱེ་བྲག་གི་བཞེད་པ་ཡིན་གསུངས། ། ༈ རྡོ་རྗེའི་གསུང་༢པ། དབང་གི་དོན་རྒྱུད་ལ་སྐྱེས་ན་ཐོབ། བྱ་བ་ལ་འདིར་ཞལ་སྔ་ནས།  སློབ་དཔོན་རབ་འབྲིང་གཉིས་ལ་ཚད་བཟུང་མི་ནུས། ཐ་མའི་དབང་དུ་བྱས་ནས་ཆོ་གའི་རྣམ་བཞག་༼གཅིག་པུས་དབང་༽དོན་དེ་ཉིད་ཐོབ་པ་མིན་ཏེ། དབང་དོན་རྒྱུད་ལ་སྐྱེས་ན་ཐོབ་པ་ཡིན་གསུངས། །༈ རྡོ་རྗེའི་གསུང་༣པ། ལྷ་ཕྱོགས་གཅིག་པས་ཀྱང་དབང་བསྐུར་དུ་འགྲོ། བྱ་བ་ནི་གདན་གསུམ་ཚང་བའི་དཀྱིལ་འཁོར་དུ་མ་ཟད་དངོས་སུ་མ་ཚང་བའི་ལྷ་ཡིན་ཀྱང་དེའི་དཀྱིལ་འཁོར་དུ་དབང་བསྐུར་བ་རུང་གསུངས། དཔེར་ན་དགེ་ལྡན་གྱི་འཇིགས་བྱེད་དཔའ་གཅིག་དང་འདི་གའི་རྣལ་འབྱོར་མ་ལྷ་ལྔ་ལྟ་བུ་ཏེ། དངོས་སུ་མ་ཚང་ཡང་རིགས་ཀྱི་དབྱེ་བའི་བསམ་གྱིས་མི་ཁྱབ་པ་གྱུར་པས་སོ། །༈ རྡོ་རྗེའི་གསུང་༤པ། དཔེ་དོན་གྱི་རྟོགས་པ་མ་སྐྱེ་ན་དོན་ཁོང་དུ་མི་ཆུད། བྱ་བ་ལ་དཔེའི་གོ་བས་འདྲ་བས་འདྲ་བ་མཚོན་པ་དང་དོན་གྱི་རྟོགས་པ་མེད་པའི་ཉམས་མྱོང་ནི་བློས་བྱས་ཡིན་ན་ཕྱག་རྒྱ་ཆེན་པོ་བློ་ལས་འདས་པའི་ཕྱིར་དཔེ་དོན་གྱི་ཡེ་ཤེས་རྟོགས་པ་བཞི་པའི་དོན་ཁོང་དུ་ཆུད་མི་ནུས་གསུངས་པ་འདྲ། །ཇི་སྐད་དུ། གོ་བ་ལྷན་པ་ཡིན་ཏེ་གོག་ནས་འགྲོ །ཉམས་ན་བུན་ཡིན་ཏེ་ཡལ་ནས་འགྲོ །རྟོགས་པ་འགྱུར་བ་མེད་དེ་ནམཁའདྲ། །གསུངས་ལྟ་བུ་ལགས། །
༢༣ ༡༢ ༡༢༈ དགོངས་གཅིག་གསང་སྔགས་གནད་བསྡུས་ཀྱི་འཚོམས་༢༨ལས་རྡོ་རྗེའི་གསུང་༥པ། བསྐྱེད་རིམ་ནི་ཡོངས་སུ་གྲུབ་པ། བྱ་བ་ནི་གསར་མ་དགེ་ལྡན་ལྟ་བུས་ཀུན་བཏགས་དོན་སྤྱི་ལྟ་བུར་འདོད་རུང་གཞི་སེམས་ཅན་གྱི་སྣང་ཚུལ་གཙོ་བའི་ངོས་ནས་འཇལ་བས་དེས་ཀྱང་དགོས་པ་འགྲུབ་མི་ནུས་པ་མ་ཡིན་ལ། འདིར་ལམ་འབྲས་བུའི་སྣང་ཚུལ་གཙོ་བའི་ངོས་ནས་གཞལ་ན་སྔགས་རྙིང་མའི་སྣང་སྲིད་ལྷར་སྒྲུབ་ཀྱི་རིགས་པས་འགྲུབ་ནུསོ། །༈ རྡོ་རྗེའི་གསུང་༦པ། རང་བྱུང་རྣམས་ལ་འཇུག་པའི་ཆོ་ག་གལ་ཆེ། བྱ་བ་ནི་ཅི་སྟེ་ཁྱོད་ཀྱི་རྒྱུད་ལ་ཏིང་ངེ་འཛིན་གྲུབ་པའི་ཡོན་ཏན་སྐྱེས་སྟོབས་ཀྱི་རང་བྱུང་དུ་ཡོད་སླར་ཡང་ཆོ་ག་རྣམ་དག་ལ་འཇུག་ནས་དེ་ཉིད་ཆུད་མི་ཟ་བར་བྱ་དགོས་པར་གསུངས་སོ། །༈ རྡོ་རྗེའི་གསུང་༧པ། ལྷ་ཐམས་ཅད་ལ་མཚན་དཔེའི་ཡོན་ཏན་དང་ལྡན། བྱ་བ་ལ་རིགས་པ་འདིར་རྒྱུ་མཚན་ལྔ་གསུངས། །ལུང་ལ་མང་ཡང་བརྟག་པ་འོག་མའི་དངོས་གྲུབ་གཏན་ལ་འབེབས་པའི་ལེའུ་གཉིས་པ་ལས། བཙུན་མོའི་བྷ་ག་༼ཆོས་དབྱིངས་༽བདེ་༼ཆེན་ཆོས་སྐུའི་༽གནས་སུ། །སྟོན་པ་སུམ་ཅུ་རྩ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་ཅུར་ལྡན། །༼པ་ནི་བྱང་ཆུབ་ཀྱི་སེམས་༽ཁུ་བ་ཞེས་བྱ་༼བའི་རང་བཞིན་དུ་༽རྣམ་པར་གནས། །དེ་མེད་པས་ན་བདེ་མེད་འགྱུར། །བདེ་བ་མེད་ན་དེ་མེད་འགྱུར། །༼དེས་ན་བདེ་ཆེན་བྱང་ཆུབ་ཀྱི་སེམས་དེ་ལས་མ་ཤར་བའི་གསང་སྔགས་ལྷ་མེད་ན་མཚན་དཔེ་མ་ལྡན་པའི་ལྷ་མེད་དོ། །༽ནུས་པ་མེད་ཕྱིར་ལྟོས་དང་བཅས། །ལྷ་ཡི་རྣལ་འབྱོར་ལས་བདེ་བ། །ཞེས་པའི་དོན་ཡིན་ནམ་སྙམ། །༈ རྡོ་རྗེའི་གསུང་༨པ། ལྷ་ལ་སོགས་པ་མདོ་རྒྱུད་དུ་གསུངས་པ་གཙོར་བྱེད། །བྱ་བ་ནི་ལྷ་བཞེང་བྲིས་སྒོམ་གང་གི་སྐབས་སུའང་མདོ་རྒྱུད་ནས་གསུངས་པ་གཙོ་བོ་བྱས་ནས་མཚན་དཔེས་བརྒྱན་པ་འབྲི་དགོས། དེ་ཡང་ཚང་བར་འབྲི་དགོས་འོད་དང་ཐིག་ལེ་རྒྱན་སོགས་རེ་རེའང་གནད་ཤིན་ཏུ་ཟབ་པ་ཡོད་པ་ལྟ་བུ་དང་། ལྷག་པར་རང་གི་བླ་མ་ལྟ་བུ་སྐུ་འབྲས་མི་མཚར་བ་ལྟ་བུ་ཡིན་ཡང་མཚན་དཔེས་བརྒྱན་ཅིང་མཚར་སྡུག་ཏུ་འབྲི་སྒོམ་སོགས་དགོས་གསུངས། །
༢༤ ༡༢ ༡༢༈ དགོངས་གཅིག་གསང་སྔགས་གནད་བསྡུས་ཀྱི་འཚོམས་༢༨ལས་རྡོ་རྗེའི་གསུང་༩པ། དབང་པོ་རབ་ལ་ཆོ་ག་རྒྱས་པ་ལྷག་པར་དགོས། བྱ་བ་ལ་དོན་བསྡུ་ན་ཞལ་སྔ་ནས། ཆོ་ག་རྒྱས་པ་དེའི་ཕྲིན་ལས་ཡོན་ཏན་བསམ་གྱིས་མི་ཁྱབ་པ་འབྱུང་བའི་ཕྱིར་དབང་པོ་རབ་ལ་ཆོ་ག་རྒྱས་པ་ལྷག་པར་ཡང་དགོས་ཏེ། ཞེས་གསུངས་པའི་མཚོན་རྒྱས་བཤད་འབྲེལ་པར་གཟིགས། །༈ རྡོ་རྗེའི་གསུང་༡༠པ། སྤྲོས་པ་ཐམས་ཅད་བབས་ཀྱི་རྟེན་འབྲེལ་གྱིས་འབྱུང་། བྱ་བ་ནི་གོང་གི་རྡོ་རྗེའི་གསུང་༩པའི་རྒྱུ་མཚན་དུ་གྱུར་ཏེ། ཇི་སྐད་དུ། ཇི་ལྟར་ཕྱི་རོལ་དེ་བཞིན་ནང་། །ཞེས་པ་ལྟར་ཕྱི་སྣོད་ཀྱི་རྟེན་འབྲེལ། ནང་བཅུད་ཀྱི་རྟེན་འབྲེལ། གསང་བ་ཡི་དམ་ལྷ་ཡི་རྟེན་འབྲེལ་ལ་བརྟེན་ནས་བསྐྱེད་རིམ་སྤྲོས་པ་ཇི་ཙམ་སྤྲོས་པ་ཐམས་ཅད་རྟེན་འབྲེལ་གྱི་བབ་ལས་སྤྲོས་པ་ལས་གཞན་དུ་ཡོངས་གྲུབ་ཀྱི་བསྐྱེད་རིམ་དང་འགལ་ནས་འབྲས་བུ་ཇི་ལྟ་བ་བཞིན་འབྱུང་མི་ནུས་པ་སྐྱོན་དུ་འགྱུར། །དཔེར་ན་གསུམ་མགོན་གྱིས་གྲུབ་ཆེན་བརྒྱད་བཅུའི་བཞུགས་སྟངས་ལ་གཟིགས་ནས་རྩ་རླུང་གི་གནད་མཐའ་དག་རྟོགས་གསུངས། །ཕྱི་ནང་གཞན་གསུམ་གྱི་རྟེན་འབྲེལ་ལམ་ཙམ་ཞིག་འགྲེལ་པར་གསལ། །ཞིབ་ཕྲ་ནི་རང་རང་གི་བསྐྱེད་རིམ་གྱི་གཞུང་ལས་ཤེས་དགོས། །༈ རྡོ་རྗེའི་གསུང་༡༡པ། རྡོ་རྗེའི་ལུས་ཀྱི་གནས་ལུགས་ནི་ཟབ་མོའི་འཁོར་ལོ། བྱ་བའི་དོན་ནི་ཇི་བཞིན་མ་གོ ༈ རྡོ་རྗེའི་གསུང་༡༢པ། གནས་ལུགས་འགའ་ཞིག་རྡོ་རྗེ་འཆང་གིས་སྦས། བྱ་བ་ནི་ཇི་སྐད་དུ། གསང་སྔགས་གསང་བཞིན་སྦས་པ་ནི། །སྔགས་ལ་སྐྱོན་ཡོད་མ་ཡིན་ཏེ། །སྐལ་མེད་ལོག་ལྟ་རྣམས་ལ་གསང་། །ཞེས་པ་ལྟར་དབང་རྣོན་འགའ་རེས་རང་དགར་འཇུག་མི་ནུས་ཤིང་བླ་མ་བརྟེན་པ་གལ་ཆེ་བ་སོགས་ཉེས་པ་རྣམས་འགྲེལ་པ་གསལ་བ་ལྟར་གྱིས་སོ། །༈ རྡོ་རྗེའི་གསུང་༡༣པ། འདུག་ཚུལ་དང་ལས་འགའ་ཞིག་ཟབ། བྱ་བ་ལ་གནད་མ་གོ་བ་མེད་གསུངས། །
༡༢ ༡༢༈ དགོངས་གཅིག་གསང་སྔགས་གནད་བསྡུས་ཀྱི་འཚོམས་༢༨ལས་རྡོ་རྗེའི་གསུང་༡༤། གཞན་གྱིས་ཟབ་པ་མི་ཟབ་ལ་མི་ཟབ་པ་ཟབ། བྱ་བ་ནི་ལས་དང་པོ་པའི་ཉམས་ལེན་གྱི་དབང་དུ་བྱས་ནས་ལམ་འོག་མ་རྣམས་གོང་མའི་གཞི་རྟེན་ཡིན་པས་འོག་མ་རྣམས་ཤིན་ཏུ་ཚག་ཚུད་དགོས་པར་གསུངས་ཏེ་ཞལ་སྔ་ནས་གསུམགོན་གྱིས། མཆོག་དབང་གོང་མ་ཟབ་ཟེར་ཡང་། །འམ་བུ་བུམ་དབང་ལ་རྩི་ཆོད་ཆེ། །གཞི་དང་སྣོད་དང་ལུས་ལྟ་བུ། །གསུམ་པོ་དེ་ཡི་ཁྱད་པར་ཆོས། །ཞེས་གསུངས། །༈ རྡོ་རྗེའི་གསུང་༡༥པ། མི་ཟབ་པའི་གདམས་པ་མེད་ན་ཟབ་མོ་རྩ་རླུང་གིས་ཚང་མི་རྒྱ། བྱ་བ་མི་ཟབ་པའི་གདམས་པ་སྔོན་འགྲོའི་ཆོས་རྣམས་མེད་རྩ་རླུང་ཟབ་མོ་རྣམས་ནི་མུ་སྟེགས་ལའང་ཡོད་པས་ཚང་རྒྱ་མི་ནུས་ཏེ་གསུམགོན་གྱིས། ཆགས་པ་སྤྱོད་པའི་སྦྱོར་ཐབས་གསུམ་བརྒྱ་དྲུག་ཅུ་དང་། །རྩ་རླུང་ཐིག་ལེའི་གནད་རྣམས་ཟབ་པ་མ་ཡིན་ཏེ། །དེ་དག་འོད་གསལ་དབྱིངས་སུ་དག་ན་ཐུབ་པའི་ཆོས། །རྒྱལ་བས་གསང་སྔགས་ཟབ་པའི་གནད་དུ་གསུངས་པ་ཡིན། །གཞན་དུ་མུ་སྟེགས་འཁོར་བའི་སྒྲུབ་ཐབས་སུ། །ནན་ཏན་ཆེན་པོས་བཀའ་སྩལ་ཡང་ཡང་གསུང་། །ཞེས་སོ། །༈ རྡོ་རྗེའི་གསུང་༡༦། བཀའ་དང་འགལ་བའི་གོ་མྱོང་ནི་ལོག་རྟོག་ཡིན། བྱ་བ་ནི་ཆོས་ངོས་གཟུང་། རྗེ་མི་ལས། རྣལ་འབྱོར་སེམས་ལ་ཅི་ཡང་འཆར། །ཞེས་རྩ་རླུང་ཐིག་ལེའི་བྱེ་བྲེག་ལ་བརྟེན་པའི་ཁམས་འདུ་ལུགས་ཐ་དད་པ་རྣམས་ཀྱི་ཉམས་མྱོང་འདི་མ་སྐྱེས་བྱ་བ་མེད་པས་སྒོམ་ཆེན་སྒོམ་གོལ་བ་བདུད་ཀྱི་འཁྱེར་བའི་བདུད་ཀྱི་ལེའུ་གསུངས་པ་བཞིན་མདོར་ན་རང་རྒྱུད་ལ་སྐྱོན་ཡོན་གང་བྱུང་ཡང་གེགས་སེལ་བོགས་འདོན་གྱི་ཚུལ་ཐུབ་པའི་བཀའ་ཡི་རྗེས་སུ་འབྲངས་ཏེ་དེ་དང་མཐུན་པར་བྱེད་པ་ཤིན་ཏུ་གལ་ཆེ་གསུངས། །༈ རྡོ་རྗེའི་གསུང་༡༧། བཀའ་ཡི་དགོངས་པ་ཐམས་ཅད་འགལ་མེད་དུ་འགྲོ་དགོས། བྱ་བ་སླར་ནན་ཏན་ཏེ། འདིར་ཞལ་སྔ་ནས། དེ་ལ་བཀའ་ཡི་དགོངས་པ་ཐམས་ཅད་དང་མི་འགལ་བར་ཆོས་གཅིག་པོ་དེ་གང་ཡིན་ན། སྤྱིར་ཆོས་ཀྱི་འཁོར་ལོ་རེ་རེའང་གསུམ་ཀ་ཚང་བས་སྡོམ་པ་གསུམ་གནད་གཅིག་པ་དང་། ཚུལ་འཁྲིམས་དང་ཕྱག་རྒྱ་ཆེན་གཅིག་པའི་གནད་ཀྱིས་ཐུབ་པའི་གསུང་རབས་ཐམས་ཅད་ཀྱང་དགོངས་པ་གཅིག་ཏུ་འདུས་ཏེ། ཞེས་སོགས་གསུངས་སོ། །༈ རྡོ་རྗེའི་གསུང་༡༨། གདམས་ངག་ལྟར་མི་འོང་བཀའ་ལྟར་འོང་། བྱ་བ་སླར་ཡང་ནན་ཏན་ཏེ། སྐྱོན་སྤོང་ཡོན་ཏན་སྒྲུབ་པ་ཐམས་ཅད་གདམས་ངག་ལྟར་མི་འོང་ཞིང་བཀའ་ལྟར་འོང་བ་ནི་རྒྱལ་བ་སྟོབས་བཅུའི་དབང་ཕྱུག་གི་གསུང་ལས་སྐྱེས་པའི་ཕྱིར་རོ། །༈། རྡོ་རྗེའི་གསུང་༡༩པ། སྐྱོན་མེད་ཏིང་འཛིན་ཁམས་གསུམ་འཁོར་བའི་རྒྱུ། བྱ་བ་ནི་བདེ་གསལ་མི་རྟོག་པ་ཇི་ཙམ་ཟབ་ཀྱང་གནས་ལུགས་རིག་པ་མེད་ཅིང་དེར་ཆགས་ན་བདེ་བས་འདོད་པར། གསལ་བས་གཟུགས། མི་རྟོག་པས་གཟུགས་མེད་ལས་ཐར་མི་སྲིད་པ་གསུངས། །
༢༦ ༡༢ ༡༢༈ དགོངས་གཅིག་གསང་སྔགས་གནད་བསྡུས་ཀྱི་འཚོམས་༢༨ལས་རྡོ་རྗེའི་གསུང་༢༠པ། སྐུ་གསུམ་རེ་རེ་ཡང་གསུམ་ཀའི་བདག་ཉིད། བྱ་བ་ལ་ཞལ་སྔ་ནས། གང་ཟག་གཅིག་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམ་པར་དག་པ་དེའི་འཁོར་ལོ་ཐ་དད་ཇི་ལྟར་བྱེད་ཅེས་གསུངས་པ་གཅིག་པུས་གོ་ནུས། །གསང་འདུས་ཀྱི་རྒྱུད་ཀྱིས། ཁྱེད་ཀྱི་སྐུ་གསུང་ལྟ་བུ་གསུང་ཐུགས་ལྟ་བུ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་གསུངས་པའང་དེའི་རྒྱབ་རྟེན་དུ་གྱུར་སྙམ། །༈ རྡོ་རྗེའི་གསུང་༢༡པ། གསང་སྔགས་ལ་ཚུལ་འཁྲིམས་མེད་ཁ་མེད། བྱ་བ་ལ་འགྲེལ་པ་འདིར་ཀྱེ་རྡོར་དུས་འཁོར་རྡོ་རྗེ་རྩེ་མོ་རྣམ་སྣང་མངོན་བྱང་སོགས་ཀྱི་ལུང་གསུངས། དེ་བཞིན་དཔུང་བཟང་གིས་ཞུས་ལས། རྒྱལ་བ་ངས་གསུངས་སོ་སོར་ཐར་པ་ཡི། །ཚུལ་འཁྲིམས་རྣམ་དག་འདུལ་བའི་བསླབ་པ་ལ། །སྔགས་པ་ཁྱིམ་པས་རྟགས་དང་ཆོ་ག་སྤང་། །ལྷག་མ་རྣམས་ནི་ཉམས་སུ་བླང་བར་བྱ། །ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས། ཚུལ་འཁྲིམས་འཆལ་བས་ཐུབ་དབང་གིས། །སྔགས་འགྲུབ་པར་ནི་མ་གསུངས་ཏེ། །མྱ་ངན་འདས་གྲོང་འགྲོ་བ་ནི། །ཡུལ་དང་ཕྱོགས་ནི་མ་ཡིན་ནོ། །ཞེས་ལུང་དང་། རིགས་པ་ནི་བསླབ་གསུམ་མདོ་ལས་གསུངས་པ་བཞིན། གསང་སྔགས་ནི་ཏིང་ངེ་འཛིན་གྱིས་ཆེ་བ་ཡིན། ཏིང་ངེ་འཛིན་ནི་ཚུལ་འཁྲིམས་ལ་བརྟེན་པའོ། །༈ རྡོ་རྗེའི་གསུང་༢༢པ། འདོད་པས་བར་དུ་གཅོད་པ་གསུངས་པའི་སྟེང་དུ་གཅིག བྱ་བ་ནི་སླར་ཡང་གསལ་བར་བྱེད་དེ་འདིར་ཞལ་སྔ་ནས། ཀྱེ་རྡོར། ཡུམ། ཟླ་བའི་སྒྲོན་མེ། སྡུད་པ། ལུང་བཞི་སོགས་ཀྱི་ལུང་གནང་ནས། དེ་ལྟར་སྔགས་མཚན་ཉིད་འདུལ་བ་ཐམས་ཅད་དུ་འདོད་པས་ཡོན་ཏན་གོང་མའི་གེགས་དང་བར་ཆད་དུ་གྱུར་པར་གསུངས་པས། སྔགས་མཚན་ཉིད་འདུལ་བ་ཐམས་ཅད་དུ་འདོད་ཡོན་སྤྱོད་པའི་སྟེང་དུ་མི་གཅིག་ལ། འདོད་པས་བར་དུ་གཅོད་པའི་སྟེང་དུ་གཅིག་པ་ཡིན་ཏེ། ཞེས་གསུངས། །ལོ་རྒྱུས་ཀྱི་དབང་དུ་ན་རྒྱལ་པོ་ཨིདྲ་བྷུ་ཏི་ལྕམ་དྲལ་ཆགས་སེམས་སྐྱེས་སྐབས་སློབ་དཔོན་ཛཱ་ལན་དྷ་རས་བཀའ་བཀྱོན་པ་དང་། ཆགས་སེམས་མེད་ན་མཚན་ཉིད་སྐབས་སུ་འང་ཆོས་འཕགས་དགེ་སློང་གི་རྟེན་ཅན་བུད་མེད་དཔག་ཏུ་མེད་པས་མཆོད་པ་དང་། འདུལ་བར་ཡང་མ་གྷ་དྷ་བཟང་མོའི་མཆོད་པ་ལ་སྲས་སྒྲ་ཅན་འཛིན་འཁོར་ལོས་བསྒྱུར་བའི་རྒྱལ་པོར་སྤྲུལ་ནས་བྱོན་པ་སོགས་ཀྱིས་འགྲུབ་ནུས། །༈ རྡོ་རྗེའི་གསུང་༢༣པ། སྔགས་ཀྱི་མི་དགེ་བ་དགེ་བར་འགྱུར་བའི་གནས་མེད། བྱ་བའི་སྐབས་འདིར་གསུམ་མགོན་གྱི་དགོངས་བཞེད་གསལ་བར་བསྟན་འདུག་སྙམ། འདིར་གཞི་སྦྱོང་བའི་ལམ་དུ་བཞེས་པས་མི་དགེ་སྔགས་སྦྱོང་མ་ཐུབ་ན་བསྒྱུར་པའི་གནས་མེད་ཏེ། ས་བོན་བྲ་བོ་ལས་འབྲུ་མི་འབྱུང་བ་གཤིས་བབས་གནས་ལུགས་སོ། །འདིར་འགྲེལ་པར་ལེགས་པར་གཟིགས་དང་གཞི་བསྒྱུར་བ་དང། གཞི་སྤོང་བ་དང་། གཞི་ཤེས་པའི་ལམ་རྣམས་བཀག་ལུགས་ཀྱི་གསུམ་མགོན་གྱི་ཐུགས་བསམ་བཞེད་ཕྱོགས་ལམ་ཙམ་ཤེས་ཐུབ་པས་འདིར་ཁ་ཅིག་དང་རང་ལུགས་ལ་ལེགས་པར་གཟིགས་ནས་རྟོག་དཔྱོད་གནང་འཚལ། །སྐབས་དོན་གཙོ་བོ་ནི་རྡོ་རྗེ་གསུང་༢༡གི་སྔགས་ལ་ཚུལ་འཁྲིམས་མེད་ཀ་མེད་བྱ་བ་སླར་སླར་ཡང་གསལ་དུ་བཏང་། །
༢༧ ༡༢ ༡༢༈ དགོངས་གཅིག་གསང་སྔགས་གནད་བསྡུས་ཀྱི་འཚོམས་༢༨ལས་རྡོ་རྗེའི་གསུང་༢༤པ། འདུལ་བར་དགེ་བར་གསུངས་པ་དེ་སྔགས་སུའང་དགེ་ལ། མི་དགེ་བ་དེ་མི་དགེ་བར་འགྱུར། བྱ་བ་ལ་འགྲལ་པ་དྲི་མེད་འོད་ལས། ལས་དང་པོ་པས་རྣལ་འབྱོར་པའི་སྤྱོད་པ་མི་བྱ། རྣལ་འབྱོར་པས་གྲུབ་ཐོབ་ཀྱི་སྤྱོད་པ་མི་བྱ། གྲུབ་ཐོབ་པས་ཐམས་ཅད་མཁྱེན་པའི་སྤྱོད་པ་མི་བྱ། ཞེས་གསུངས་པས། མདོར་ན་ཉོན་མོངས་དུག་གསུམ་དང་འབྲེལ་བའི་སྒོ་གསུམ་གྱི་ལས་མི་དགེ་བ་དེ་དག་སྔགས་སུའང་མི་དགེ་བ་ཡིན་ལ། རྒྱུ་དུག་གསུམ་མེད་པ་ལས་བྱུང་བའི་སྒོ་གསུམ་གྱི་ལས་རྣམས་འདུལ་བར་ཡང་དགེ་ལ་སྔགས་སུའང་དགེ་གསུངས། །༈ རྡོ་རྗེའི་གསུང་༢༥པ། དུག་གསུམ་དག་པའི་འབྲས་བུ་བདེ་བར་གཤེགས་པ། བྱ་བའི་སྐབས་འདིར་ཉོན་མོངས་པ་ནི་སངས་རྒྱས་གདུང་ཞེས་པ་ནི་ཉོན་མོངས་དག་པའི་འབྲས་བུ་ལ་སངས་རྒྱས་སུ་གསུངས་ཏེ། རྒྱུད་ལས། ཉོན་མོངས་གཏི་མུག་རྣམ་དག་པས། །རྣམ་པར་སྣང་མཛད་ཉིད་དུ་བསྒོམས། །ཞེས་སོགས་ལས་དྲངས་ནས་རྒྱུ་འབྲས་རིགས་མི་འདོར་བ་ལ་དགོངས་པ་ཡིན་པས་ཉོན་མོངས་ནི་སྦྱོང་བ་མ་གཏོགས་མེད་གསུངས། །གསུམ་མགོན་པས། དགྲ་གཉེན་དུ་ཆོད་པའི་དཔའ་བོ་དང་། །གཉེན་སྟོང་པར་རྟོགས་པའི་མཁའགྲོ་གཉིས། །སེམས་འགྱུར་བ་མེད་པའི་རྣལ་འབྱོར་ལ། །དུས་རྒྱུན་ཆད་མེད་པར་སྒོ་རོ་རོ། །ཞེས་དང་། རང་ལ་སྐྱེས་པའི་ཉོན་མོངས་འདི། །ཇི་ཙམ་རང་གིས་ཐུལ་བའི་ཚེ། །བྲལ་དང་རྣམ་སྨིན་ཡོན་ཏན་ལྔ་། །དཔའ་བོ་མཁའགྲོ་རྟག་པར་ངེས། །ཞེས་སོ། །༈ རྡོ་རྗེའི་གསུང་༢༦པ། སྔགས་ཀྱི་མཐུ་བསྟན་པ་ལས་མངོན་སྤྱོད་གནང་བ་མེད། བྱ་བ་ནི་བསད་པ་གསོ་ནུས་དང་གནས་སྤར་ནུས་པ་སློབ་དཔོན་པདྨ་ལྟ་བུ་ལ་གནང་བ་ལས་དུ་ཡེ་བཀག་ཡིན་ཏེ། ཀ་རི་ཀ་ལས། སྨན་དང་སྔགས་དང་རིག་པ་དང་། །འཆི་བའི་ཕྱོགས་སུ་གང་བཏང་བ། །དེ་བཏང་བསྡོམ་པ་ཞིག་པར་གྱུར། །ཞེས་གསུངས་ཞིང་ལོ་རྒྱུས་ལྟ་བུར་ཞལ་སྔ་ནས། གཤིན་རྗེ་གཤེད་ལ་བརྟན་པ་ཐོབ་པའི་རྣལ་འབྱོར་བྲམ་ཟེ་ཙ་ནག་ལྟ་བུ་མངོན་སྤྱོད་ཀྱི་ལས་ཀྱིས་ཕྱི་མར་ཡི་དམ་གྱི་གཟུགས་སུ་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་ན། པེ་ཧར་དང་གཙང་བཙན་ལ་སོགས་པ་འཇིག་རྟེན་པའི་ལྷ་འདྲེ་རྣམས་ཀྱི་སྒོ་ནས་མཐུ་བྱེད་པ་དེ་དག་གནས་ངན་པར་སྐྱེ་བར་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས། །མདོར་ན་དྲག་པོ་མངོན་སྤྱོད་ཀྱི་ལས་ནི་སྡིག་པ་ཤིན་ཏུ་ཆེ་བས་བདག་ཅག་རྣམས་ཀྱིས་ཉམས་སུ་བླང་བྱ་མ་ཡིན་པས་ཅི་ལ་ཐུག་ཀྱང་འདི་མི་བྱ་གསུངས། །
༡༢ ༡༢༈ དགོངས་གཅིག་གསང་སྔགས་གནད་བསྡུས་ཀྱི་འཚོམས་༢༨ལས་རྡོ་རྗེའི་གསུང་༢པ། རྡོ་རྗེ་དམྱལ་བ་ནི་མནར་མེད་པ་ཉིད། བྱ་བ་ནི་མཚན་ཉིད་ཐེག་པའི་སྐབས་གསུངས་པའི་མནར་མེད་ལས་ལོགས་སུ་མེད་པར་གསུངས། །སྔགས་སུ་ཐ་ན་ངན་ཐ་ཆད་དམྱལ་བ་ལ་ཡང་བདེ་སྟོང་ཡེ་ཤེས་ཀྱི་རྡོ་རྗེའི་སྒྲས་བསྟན་པ་དགོས་པ་རྒྱུ་མཚན་ཆེན་པོ་འདུག་སྙམ། །༈ རྡོ་རྗེའི་གསུང་༢པ། རྡོ་རྗེ་སློབ་དཔོན་རྒྱུད་ཚོད་མཐོ་ན་དེ་ཉིད་ཀྱིས་འདྲེན། བྱ་བ་ནི་དན་འཕགས་ཀྱིས་ཐར་པ་ནག་པོ་འདྲེན་པ་དང་། བྱང་སེམས་ཉི་མའི་སྙིང་པོ་རྟ་ཅང་ཤེས་སུ་བྱས་ནས་རང་གི་འཁོར་དམ་ཉམས་པ་ལྔ་བརྒྱ་དུད་འགྲོེ་སྐྱེས་པ་འདྲེན་པ་དང་། བཅོམ་ལྡན་འདས་ཀྱི་ལེགས་སྐར་འདྲེན་པ་སོགས་ལྟ་བུ་གསུངས། །སློབ་བུར་དེ་ལྟར་སྐལ་བཟང་བྱུང་བ་ནི། སློབ་བུ་དམ་ཚིག་ཉམས་པ་ལས་བྱུང་བ་མ་ཡིན་ཏེ་དེས་ངན་སོང་དུ་ལྷུང་བའི་ཕྱིར། དེ་ནི་སྔར་ཆོས་ཟབ་མོ་དང་འབྲེལ་བའི་རྒྱུ་ལས་བྱུང་བར་གསུངས་པས་གོང་དུ་བྱང་སེམས་གནད་བསྡུས་རྡོ་རྗེའི་གསུང་༡༠དགེ་དང་མི་དགེའི་འབྲས་བུ་སོ་སོར་འབྱུང་གསུངས་པ་སོགས་ཀྱི་འགལ་སྤོང་ཡང་གནང་། །གསང་སྔགས་གནད་བསྡུས་ཀྱི་ཚོམས་༢༨ཀྱི་ཟིན་བྲིས་སོ། །

Friday, 21 December 2012

15-21/12/12.དགོངས་གཅིག་ཟིན་བྲིས། gongchig note घोड चीग चारचा

པཎ་གྲུབ་གཉིས་ཚོགས་ན་རོ་པ་ལ་ཕྱག་འཚལ་ལོ།

༈ ༡༥ ༡༢ ༡༢ དགོངས་གཅིག་བྱད་སེམས་གནད་བསྡུས་ཀྱི་འཚོམས་༢༤ལས་རྡོ་རྗེའི་གསུང་༡པོ། སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་ཐ་དད་ཡིན། བྱ་བ་ནི་དུས་རྒྱུན་བཞིན་ལྷག་བས་འདྲེན་ནུས་ཀྱི་སྙིང་རྗེ་ཆེན་པོ་ནི་བྱང་སེམས་ཀྱི་རྒྱུ་ཡིན་པས་གཅིག་ཏུ་ག་ལ་འགྱུར། །འོན་ཏེ་སྐབས་རེ་སྟོང་ཉིད་སྙིང་རྗེ་ལྟ་བུ་བྱང་སེམས་ལ་ལྟ་བུ་ཕྱེ་སྟེ་ཤེས་དགོས་འཇིག་རྟེན་གསུམ་མགོན་ཀྱིས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྟོང་ཉིད་སྙིང་རྗེ་ཞེས་བྱ་བ། །བྱང་ཆུབ་སེམས་གཉིས་འདྲེས་པ་ཡིན། །ཞེས་སོ། །༈ རྡོ་རྗེའི་གསུང་༢པ། བྱང་ཆུབ་སེམས་དཔའི་༼དཔའ་༽ཚུལ་འཁྲིམས་ཀྱི་བསྡོམ་པའི་རྟེན་ཅན། བྱ་བ་ལ་ཞལ་སྔ་ནས། སོ་སོར་ཐར་པའི་སྡོམ་པ་ནི། བྱང་ཆུབ་སེམས་དཔའི་སྡོམ་པ་མ་སྐྱེས་པ་སྐྱེ་བའི་རྟེན་དང་། སྐྱེས་པ་གནས་པའི་རྟེན་དང་། གནས་པ་གོང་ནས་གོང་དུ་བོགས་འདོན་པ་སྟེ་མཐར་ཐུག་པའི་རྟེན་ཡང་ཡིན་གསུངས། །ཇོ་བོའི་ཞལ་ནས། སོ་སོར་ཐར་པ་རིགས་བདུན་ལས། །རྟག་ཏུ་སྡོམ་གཞན་ལྡན་པ་ལ། །བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །སྐལ་པ་ཡོད་ཀྱི་གཞན་དུ་མིན། །གསུངས་ལྟར་ཏེ། མི་མ་ཡིན་ལ་སོགས་པ་ལའང་སྣ་གཅིག་ལ་སོགས་ཀྱི་དགེ་བསྙེན་ཡོད་པས་འགལ་བ་ཚུལ་གསུངས། །༈ རྡོ་རྗེའི་གསུང་༣པ། སོ་སོ་སྐྱེ་བོ་ལ་ཡང་འཇུག་པ་སྐྱེ་བ་ཡིན། བྱ་བ་ནི་དུས་རྒྱུན་དང་མཚུངས། །འདིར་འདི་བྱུང་སྟེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཇི་སྙེད་པ་ཐམས་ཅད་བྱང་ཆུབ་སེམས་དཔའི་སྡེ་སྣོད་དུ་འདུས། སྡེ་སྣོད་དེ་ཐམས་ཅད་འཕགས་པ་ཐོགས་མེད་ཀྱི་བྱང་སར་འདུས། བྱང་ས་ཙནྡྲ་གོ་མིའི་སྡོམ་པ་ཉི་ཤུ་པར་འདུས། ། གསུངས་པས་དཔེ་ཆ་ལྟ་ལྟངས་ལ་ཁྱད་འདུག་གོ །དུས་རྒྱུ་ང་ཚོས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ནི་མདོ་ཕལ་ཆེན། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མ་མོ་ནི་བྱང་ས་ཞེས་བརྩི་སྲོལ་ཡོད། །
༈ ༡༦ ༡༢ ༡༢ དགོངས་གཅིག་བྱད་སེམས་གནད་བསྡུས་ཀྱི་འཚོམས་༢༤ལས་རྡོ་རྗེའི་གསུང་༤པ། ཅི་རིགས་ཀྱིས་ཀྱང་ཚུལ་འཁྲིམས་བསྡོམ་པར་འགྱུར། བྱ་བ་ལ་ཞལ་སྔ་ནས། སྡོམ་པ་གསུམ་པོ་མཐའ་དག་རྫོགས་པར་བྱེད་པ་ནི་ས་བཅུའི་སེམས་དཔས་ཀྱང་མི་ནུས་པས་སངས་རྒྱས་ཉག་གཅིག་གིས་སྤྱོད་ཡུལ་ཡིན། །ཞེས་གསུངས། །དེ་ལྟར་ན་དེ་བཞིན་གཤེགས་པའི་སྐུ་མཐོང་བ་ན་ཐལ་མོ་སྦྱོར་བ་ཙམ་དེ་ཡང་དགེ་བ་ཡིན་པས་དེ་དགེ་བ་ཆོས་བསྡུད་ཚུལ་འཁྲིམས། དེ་ལས་གཞན་པའི་མི་དགེ་བ་བསྡམས་ནས་དེ་ཉིད་བརྩོན་པར་བྱེད་པ་བསྡོམ་པའི་ཚུལ་འཁྲིམས། དེ་བདག་གཞན་བྱང་ཆུབ་ཐོབ་པའི་ཕྱིར་དུ་ཡིན་པས་སེམས་ཅན་དོན་བྱེད་ཚུལ་འཁྲིམས་སུ་འོང་བས་དགེ་བའི་ཆོས་སྣ་རེ་ལའང་ཚུལ་འཁྲིམས་གསུམ་ཀ་ཚང་བས་སྣ་རེའམ་ཟུང་རེ་ཙམ་གྱིས་ཀྱང་འཇུག་སྡོམ་དུ་གྱུར་པས་བདག་ཅག་རྣམས་ཀྱིས་སྣ་རེའམ་ཟུང་རེ་ཙམ་དེ་ནི་སྲོག་ལ་བབས་ཀྱང་བསྲུང་བར་བྱ། །དེའི་སྐབས་འཕགས་པ་ལམ་འབྱུང་གི་ལོ་རྒྱུས་གསུངས་ཏེ། ལམ་བྱུང་བྲམ་ཟེའི་རིགས་སུ་འཁྲུངས། འོན་ཏེ་ཤེས་རབ་ཤིན་ཏུ་བརྟུལ་བས་བྲམ་ཟེའི་རིགས་སུ་འཁྲུངས་ཀྱང་བྲམ་ཟེ་བྱེད་པ་ལ་རིག་བྱེད་ཀྱི་སྔགས་འགའ་ཞིག་བློ་ལ་ཟིན་དགོས་ཀྱང་ཁོང་གིས་གཞན་ཕར་ཞོག་སྔགས་ཚིག་བཅད་གཉིས་ཀྱང་བློར་ཟིན་ན་གོང་མ་སྦྱོང་ཚེ་འོག་བརྗེད་འོག་མ་སྦྱོང་ཚེ་གོང་མ་བརྗེད་ནས་ཚིག་གཉིས་ཀྱང་ཟིན་མ་ཐུབ་ནས་བྲམ་ཟེའི་ནང་ནས་ཕྱིར་བསྐྲད་དོ། །དེས་ནས་ཁོང་ཤིན་ཏུ་སྡུག་བསྔལ་ནས་ལམ་དུ་འཁྱམས་བཞིན་པའི་ཚེ་བཅོམ་ལྡན་འདས་མཇལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱོད་ངའི་རྗེས་སུ་འབྲང་ངམ་གསུངས་པས་ཁོ་ཤིན་ཏུ་དགའ་ནས་ཕྱིེས་བཞིན་འབྲངས་ཏེ་རྒྱལ་པོའི་ཁབ་མགོན་མེད་ཟས་བྱིན་གྱི་ཀུན་དགའ་ར་བར་ཕྱག་བརྡར་བསྐུལ་ཞིང་བསོད་སྙོམས་ལྷག་མ་གནང་བས་ཁོ་ཤིན་ཏུ་དགའ་ནས་ལས་ཚུལ་བཞིན་བྱེད་དེ་གནས་སྐབས་ནམ་ཞིག་གཅིག་ན་བཅོམ་ལྡན་འདས་ཀྱིས་ཁོའི་སྒྲིབ་པ་ཅུང་དག་པ་མཁྱེན་ནས་ལམ་བྱུང་ཁྱོད་ཕྱག་བབརྡར་བྱེད་བཞིན་ལ་རྡུལ་སྤངས་དྲི་མ་སྤངས་ཞེས་པའི་ཚིག་བཅད་གཅིག་པོ་དེ་སྦྱོང་ནུས་སམ་གསུངས་པས། ནུས་ལགས་སོ་ཞུས་ནས་ཡང་དུས་རིང་པོར་ཕྱག་བརྡར་བྱེད་བཞིན་ལ་ཚིག་བཅད་དེ་སྐྱོར་སྦྱངས་བྱས། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་མཁྱེན་ནས་ལམ་བྱུང་ཞེས་འབོད་ནས། ཚིག་བཅད་བཞི་སྟེ། རྡུལ་ནི་ས་རྡུལ་མ་ཡིན་ཉོན་མོངས་རྡུལ། །ས་རྡུལ་ཕྱགས་པས་ཉོན་མོངས་སྒྲིབ་དག་ཤོག །ཅེས་ཞེ་སྡང་དང་འདོད་ཆགས་དང་གཏི་མུག་ལ་སྦྱར་བའི་ཚིག་བཅད་སླབ་པས་སླར་ཡང་ཕྱག་བརྡར་བྱེད་བཞིན་ཡུན་རིང་སྐྱོར་སྦྱང་བྱས་། །དེ་ནས་ནམ་ཞིག་ན་བཅོམ་ལྡན་འདས་ཀྱིས་འཕགས་པ་ལམ་བྱུང་སྒྲིབ་པ་དག་པ་མཁྱེན་ནས་ལོ་དེའི་དབྱར་གནས་ལ་དགེ་སློང་མའི་ཆོས་བཤད་ལ་འཕགས་པ་ལམ་བྱུང་གཏོང་གི་ཡིན་གསུངས་པས་ཡོངས་གྲགས་ལ་ཁོང་ཤེས་རབ་ཤིན་ཏུ་བརྟུལ་ཞིང་སྐྱེ་བོ་ཐ་ཆད་ཞིག་ཏུ་འཛིན་པས་དགེ་སློང་མ་འགའ་རེས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་ལ་མཐོང་ཆུང་གནང་སོང་ཞེས་ཡ་ག་སྒྲོགས་ཀྱང་འཕགས་པ་ལམ་བྱུང་གི་གོང་གི་ཤོལྐོ་གཅིག་པུ་དེ་ལ་ཟླ་བ་གསུམ་གྱི་རིང་ཆོས་གསུངས་པས་ཐམས་ཅད་ངོ་མཚར་ཆེར་སྐྱས་ནས་ཤིན་ཏུ་དད་པར་གྱུར་རོ། །འོན་ཏེ་དགེ་བ་ལ་ཆོག་ཤེས་ནི་མི་འོས་པ་མཁན་པོས་གསུངས། །༈ རྡོ་རྗེའི་གསུང་༥པ། ཉོན་མོངས་ཅན་མ་ཡིན་པའི་ལྟུང་བ་མེད། བྱ་བ་ནི་ཁ་ཅིག་དུག་གསུམ་གྱི་མ་བསླང་བར་ལེ་ལོ་སྙོམས་ལས་དྲན་པ་ཉམས་པ་བརྗེད་ངེས་གཉིད་ལ་སོགས་པས་དཀོན་མཆོག་མཆོད་པ་བཅག་པ་ལ་སོགས་ནི་ཉོན་མོངས་ཅན་མ་ཡིན་པའི་ལྟུང་བ་ཡིན་ཟེར་བ་ལ། དེ་ནི་རྣམ་པ་ཐམས་ཅད་དུ་མེད་གསུངས། །མཁའགྲོ་བསྡོམ་པའི་རྒྱུད་ལས། མི་ཤེས་པ་དང་བག་མེད་དང་། །མ་གུས་པ་དང་ཉོན་མོངས་པ། །བརྗེད་ངེས་དྲན་པ་མ་གསལ་བ། །འདི་དྲུག་དམ་ཚིག་ཉམས་པའི་རྒྱུ། །ཞེས་གསུངས་པའི་མཚོན་ནོ། ། ༈ རྡོ་རྗེའི་གསུང་༦པ། ཉེས་པར་མི་འགྱུར་བའི་མི་དགེ་བ་དེ་གནང་བ་མེད། བྱ་བ་ནི་ཤིན་ཏུ་ཟབ་སྟེ་འདིར་ཞལ་སྔ་ནས། རྒྱུ་འབྲས་རྟེན་འབྲེལ་འདིའི་གཤིས་དང་བབས་ཀྱིས་༼མི་ནག་མདུང་མཐུང་གྱི་ལོ་རྒྱུས་ལྟ་བུ་༽དེ་ལྟ་བུ་རྣམས་ཉེས་པར་མི་འགྱུར་བས་༼དེད་དཔོན་སྙིང་རྗེ་ཅན་ལ་ཉེས་པ་མི་འགྱུར་བའི་ཆ་ནས་༽གནང་བ་མ་ཡིན། །༼འོན་ཏེ་དམྱལ་བའི་སྡུག་བསྔལ་བཟོད་པར་ནུས་པའི་ཆ་ནས་གནང་བ་ཡིན་ཏེ།༽བྱང་ཆུབ་སེམས་དཔའ་རྣམས་བདག་ཡལ་བར་དོར་ནས་གཞན་དོན་ལ་བརྩོན་པས་ལས་དེའི་འབྲས་བུ་ཉམས་པར་མི་ནུས་ཤིང་བཟོད་པར་ནུས་པའི་ངོས་ནས་གནང་ཞེས་གསུངས་པ་ཡིན། །དེ་ལ་དཔེ་གཏམ་རྒྱུད་དང་སྦྱར་ན་གོ་སླ་སྟེ། དེད་དཔོན་སྙིང་རྗེ་ཆེན་པོས་ཚོང་དཔོན་ལྔ་བརྒྱས་སྲོག་སྐྱབ་དང་མི་ནག་མདུང་ཐུང་དམྱལ་བ་ལས་སྐྱབས་པས་བསྐལ་པ་དགུ་ཁྲིའི་ཚོགས་གདུམ་པ་དང་། ལྡོག་ཆ་སྲོག་བཅད་པའི་ཉེས་པ་ནས་ལོ་སྟོང་ཕྲག་མང་པོར་སེམས་ཅན་དམྱལ་བའི་སྡུག་བསྔལ་མྱོང་ནས་སངས་རྒྱས་པའི་དུས་ནའང་ལས་ཀྱི་ལྷག་མས་ཞབས་ལ་སེང་ལྡེང་གི་འཚལ་བུ་ཟུག་པར་གསུངས་པས་འབྲས་བུ་འབྱུང་གསུངས་སོ། །དེས་ན་ལས་དཀར་པོ་བཟང་ཡག་བྱུང་ན་རབ་དང་དེ་མིན་གཞན་དོན་ཆེད་དུ་མི་དགེ་སྤྱོད་དགོས་ན་ཡང་ལས་ཀྱི་འབྲས་བུ་མེད་པ་མ་ཡིན་ཞིང་ཡོད་ཀྱང་བཟོད་ཐུབ་པའི་དཔའ་གདེངས་དགོས་སོ། །
༈ ༡༧ ༡༢ ༡༢ དགོངས་གཅིག་བྱད་སེམས་གནད་བསྡུས་ཀྱི་འཚོམས་༢༤ལས་རྡོ་རྗེའི་གསུང་༧པ། ཐབས་མཁས་པ་ལ་མི་དགེ་བ་ཡོད་ན་དེའི་འབྲས་བུ་འབྱུང་། བྱ་བ་ཡང་གོང་གིས་ཟླས་དྲངས་སྙམ་སྟེ། འདིར་ཞལ་སྔ་ནས། བྱང་ཆུབ་སེམས་དཔའི་ ཐབས་མཁས་པ་ལ་མི་དགེ་བ་ཡོད་མི་སྲིད། གལ་ཏེ་ཡོད་ན་དེའི་འབྲས་བུ་འབྱུང་གསུངས། །སྐབས་འདིར་དེད་དཔོན་སྙིང་རྗེ་ཅན་ལ་ཞེ་སྡང་མེད་ན་མདུང་རྡེག་མི་ཕོད། དེས་ན་དུས་ཀྱི་ཀུན་སློང་ལ་ཞེ་སྡང་ཡོད་གསུངས། །དེ་བཞིན་བྲམ་ཟེ་ཁྱེའུ་བླ་མས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ལ་བསམས་ནས་དེ་བཞིན་གཤེགས་པ་འོད་སྲུང་ལ་དགེ་སྦྱོང་མགོ་རེག་ལ་བྱང་ཆུབ་ག་ལ་ཡོད་སྨྲས་པས་དེ་ལ་ཡང་འབྲས་བུ་༼ལོ་དྲུག་བཀའ་སྤྱད་༽བྱུང་གསུངས། །༈ རྡོ་རྗེའི་གསུང་༨པ། རང་གཞན་བརྗེས་པས་ཉེས་པར་འགྱུར་བའི་སྐབས་ཡོད། བྱ་བ་ལག་ལེན་དངོས་ལ་གསུངས་པ་འདྲ་སྟེ་འདིར་ཞལ་སྔ་ནས། ལམ་ཚོགས་སྦྱོར་གཉིས་ལ་བསམ་པ་རྒྱ་ཆེན་པོ་བསྐྱེད་ནས་སྦྱོར་བ་སེམས་ཅན་གྱི་དོན་འགྲུབ་༼སྒྲུབ་༽ཆེད་༼དགེ་བའི་བྱ་བ་༽ལྕོགས་ཚད་བྱས་ཀྱང་། ལས་རྔམ་པོ་ཆེ་ལ་འཇུག་མི་ནུས་ཏེ་དཔེར་ན། མྱུ་གུ་ལ་མ་ཟོས་སྲུབས་༼འབྲུ་ཤུན་པ་མ་བཤུས་ནས་ལྗང་གུར་གནས་པའི་ཚེ་སུབས་ཞེས་བརྗོད་གསུངས་དེའི་ཐུག་པ་སུབས་ཐུག་ཅེས་པ་ཞིམ་མངར་འཛོམ་པའང་ཡོད་གསུངས་༽སུ་ཟོས་ན་༼ཕན་ཐོགས་༽འབྱུང་ཆེ་བ་དང་འདྲ་བས་ཕལ་ཆེར་རང་གཅེས་པའི་དུས་ཡིན། མཐོང་ལམ་ནས་བཟུང་སྟེ་ས་བདུན་མན་ཆད་དུ་བསམ་སྦྱོར་གཉིས་ཀ་ནར་སོན་པས་སྤྱོད་པ་ལ་འཇུག་པ་ཡིན་ཀྱང་། རྟུལ་ཞུགས་འབྲིང་ཡིན་པས་སྲུབས་སུ་མ་ཟོས་ནས་༼འབྲུ་༽སུ་ཟོས་ན་འབྱུང་ཆེ་བ་དང་འདྲ་བས་རང་གཞན་མཉམ་པའི་དུས་ཡིན། ས་བརྒྱད་པ་ནས་བཟུང་སྟེ་ས་བཅུ་པ་ཚུན་ཆད་དུ་བསམ་སྦྱོར་གཉིས་ཀ་སྟོབས་ཆེ་བས་གཞན་དོན་རྒྱ་ཆེན་པོ་ཡང་འགྲུབ། སྤྱོད་པ་རླབས་པོ་ཆེ་ལ་ཡང་འཇུག་ནུས། བརྟུལ་ཞུགས་ཀྱང་རབ་ཏུ་གྱུར། སྡུག་བསྔལ་བཟོད་པའི་སྟོབས་ཀྱང་བརྙེས། གཏོང་བ་ཆེན་པོ་ལ་འཇུག་པའི་དུས་ཀྱང་ཡིན། སངས་རྒྱས་ཀྱི་ཞིང་བཀོད་པ་ཡང་སྒྲུབ་ནམཁའ་མཛོད་ཀྱི་ཏིང་ངེ་འཛིན་ཡང་ཐོབ་པས་ས་ཆོད་དེ་རང་བས་གཞན་གཅེས་པའི་དུས་ཡིན་ཏེ། །ཞེས་གསུངས་པ་ལྟ་བུས་མཚོན་ནུས། །དེས་ན་གཏོང་ལེན་བསམ་པས་སྦྱང་བ་ལ་ཉེས་པ་མེད་པར་མངོན་སྙམ། །འོན་ཀྱང་འོག་ཏུ་ཕག་གྲུའི་ལུང་ལ་བརྟེན་ནས་གཏོང་ལེན་བྱས་ནས་གཞན་གྱི་སྡུག་བསྔལ་རྣམ་པ་ཐམས་ཅད་རང་ལ་མ་སྨིན་པར་རང་སྡུག་ཁོ་ནར་ཟད་དགོངས་ན་བརྟག་དགོས་སོ། །སྐབས་འདིའི་ལམ་དུ་གཏོང་ཚུལ་ནི་བསམ་པའི་སྦྱོང་སྐབས་གོ་སྐབས་བཟུང་ནས་བོགས་འདོན་དུ་བྱུང་བས་འགལ་བ་མེད་དོ། །འོན་ཀྱང་གཏོང་ལེན་སྐབས་སྡུག་བསྔལ་ནད་དང་སེམས་གསོ་ཤི་ནས་སེམས་ཆུང་ནད་ལྟ་བུ་འགའ་ཞིག་ལ་བྱུང་བ་ནི་ཤེས་རབ་ཀྱི་ཐབས་མཁས་དང་བསོད་ནམས་ཀྱི་བསགས་རྒྱབ། དགེ་བའི་བཤེས་གཉེན་གྱིས་མ་ཟིན་པའི་ལན་ཏེ་གསང་བའི་གདམ་པ་སྤྱད་པར་བྱ། །གསུངས་པ་ལྟར་ལམ་འདིའི་གནད་གསང་ཤེས་དགོས་སྙམ་སྟེ་སྔར་བཀའ་གདམས་བླ་མ་རྣམས་གསང་བར་ཉམས་བཞེས་གནང་གི་ཡོད་པ་ལོ་རྒྱུས་ལ་གནད་བཙལ་ན་ཤེས། ། ༈རྡོ་རྗེའི་གསུང་༩པ། བྱང་ཆུབ་སེམས་དཔའ་ལ་གནོད་པ་བྱས་པས་བདེ་བར་འབྲེལ་མི་སྲིད། བྱ་བ་ནི་བྱང་སེམས་ལ་ངན་འབྲེལ་བྱུང་བ་དེས་ནམ་ཞིག་ན་འགྱོད་པས་བཤགས་པ་བྱས་ཚོགས་རྒྱ་ཆེར་མ་བསགས་ན་བདེ་བར་འབྲེལ་མི་སྲིད་བྱ་བའི་དོན་དུ་འདུགོ །འདི་གསུངས་པའི་དགོས་པ་ནི་དེ་ཚེ་དེའི་དུས་ལ་གང་ལ་གནོད་པ་བྱས་ཀྱང་བདེར་འབྲེལ་བ། །སོགས་ཀྱི་ལུང་མང་པོ་ཞིག་ལ་འཁྲུལ་གཞི་བྱས་ནས་བྱང་སེམས་དང་བཟང་འབྲེལ་ངན་འབྲེལ་གང་བྱས་ཀྱང་བདེ་བར་འབྲེལ་བའི་ལོག་རྟོགས་ཆེན་པོ་བྱུང་བ་འགག་པའི་ཆེད་དུ་འོ། །
༈ ༡༨ ༡༢ ༡༢ དགོངས་གཅིག་བྱད་སེམས་གནད་བསྡུས་ཀྱི་འཚོམས་༢༤ལས་རྡོ་རྗེའི་གསུང་༡༠པ། དགེ་མི་དགེ་འབྲས་བུ་ངེས་པར་སོ་སོར་འབྱུང་། བྱ་བ་ནི་༈ རྡོ་རྗེའི་གསུང་༡༡པ། ནག་ཆོས་བཞིས་ཚེ་རབས་གཞན་དུ་སེམས་བསྐྱེད་བརྗེད་སྲིད་པ་ལས་འཆོར་བ་ནམ་ཡང་མི་སྲིད་ཅེས་ཚོམ་པོ་ཆེ་དྲི་མ་མེད་པའི་ལོ་རྒྱུས་དང་བཅས་གསུངས། །འོ་ན་སེམས་བསྐྱེད་ཕྱིན་ཆད་འཆོར་མི་སྲིད་སྙམ་ན། འཆོར་བའི་རྒྱུ་གཅིག་བུ་ནི་ལོག་ལྟ་ཡིན། བྱང་ཆུབ་ཀྱི་སེམས་ནི་ཕ་ལམ་དང་འདྲ་སྟེ་ལོག་ལྟ་ལུག་རྭ་ཡིས་མ་གཏོགས་གཞན་གང་གིས་འཆོར་མི་སྲིད་པ་གསུངས་པས་དེ་ལ་འཇུག་ཏུ་ཡོད་པ་ནི་ཨེ་མ་ཤིན་ཏུ་བསྐལ་པ་བཟངས་སོ། །དེའི་རྗེས་མི་འཆོར་བའི་རྒྱུ་མཚན་བཞི་གསུངས་པ་ཚིག་བསྡུ་ན། ༡དམིགས་པ་སངས་རྒྱས་ནི་བསམ་གྱིས་མི་ཁྱབ་པས་དགེ་རྩ་ཆུང་ངུ་ཡིན་ཡང་མཐར་ཕྱིན་པ་དང་། ༢བར་མ་དོར་ཆུད་ཟོས་མི་འགྱུར་པ་དང་། ༣སེམས་ཅན་ཐམས་ཅད་ཀྱི་རྒྱུད་བདེ་གཤེགས་སྙིང་པོ་གདོད་ནས་རྟག་པའི་ངོ་བོར་གནས་པ་དང་། ༤འཇུག་སྡོམ་གྱི་བསླབ་བྱ་ཕྲ་མོ་དགེ་བའི་ལས་ཅི་རིགས་ཀྱང་འཇུག་སྡོམ་དུ་གྱུར་པས་མཐར་བྱང་ཆུབ་ཏུ་གཞོལ་བའི་གནད་དེ་བཞི་པོས་བྱང་ཆུབ་ཀྱི་སེམས་འཆོར་མི་སྲིད་དོ། །༈ རྡོ་རྗེའི་གསུང་༡༢པ། སྒྲིབ་པ་༼ལས་སྒྲིབ་ཉོན་སྒྲིབ་ཤེས་སྒྲིབ་༽གསུམ་ཉོན་མོངས་པའི་སྒྲིབ་པ། བྱ་བ་ལ་རྩ་བ་ཉོན་མོངས་པ་ཆེས་རགས་སུ་སོང་ནས་སྒོ་གསུམ་གྱི་ཉེས་སྤྱོད་ཐོན་པ་ལས་ཀྱི་སྒྲིབ་པ། ཉེས་སྤྱོད་མ་ཐོན་པ་ཉོན་མོངས་ཙམ་དུ་ལུས་པ་ཉོན་མོངས་པའི་སྒྲིབ་པ། ཉོན་མོངས་མེད་ཀྱང་དེའི་བག་ཆགས་ལྒོག་དྲི་ལྟ་བུ་ལུས་པ་ཤེས་བྱའི་སྒྲིབ་པ་ཡིན་པས་ཆོས་པ་རྣམས་ཀྱི་གང་ལ་འཐབ་དགོས་པའི་དགྲ་བོའི་འབེན་དངོས་སུ་ངོས་ཟིན་པའོ། །༈ རྡོ་རྗེའི་གསུང་༡༣པ། ༼དོན་དམ་པའི་གནས་ལུགས་༽བདེན་པ་ནི་གྲུབ་མཐའ་ཇི་སྙེད་པས་སྒྲིབ། བྱ་བ་ནི། མགོན་པོ་ཀླུ་ཡིས། ལྟ་བ་ཐམས་ཅད་སྤང་པའི་ཕྱིར། །གསུངས་པ་དང་། ས་སྐྱས། འཛིན་པ་བྱུང་ན་ལྟ་བ་མིན། །གསུངས་པས་གནས་ལུགས་དོན་དམ་ཞིག་གྲུབ་མཐས་ཁས་བླང་དུ་གྱུར་ན་སྨྲ་བསམ་བརྗོད་མེད་དང་ཁས་ལེན་བྲལ་བ་ཞེས་སོགས་བརྗོད་དགོས་དོན་ག་ལ་ཡོད། །དེ་ནི་ལྐུགས་པས་བུ་རོ་ལྟར་རང་ཉིད་ཀྱིས་མྱོང་བས་ངེས་དགོས་པ་ལས་གྲུབ་མཐར་ཞེན་བློ་བཤིག་དགོས་པར་སྣང་། །ཏེ་ལོ་ང་ཡིས་ཅི་ཡང་བསྟན་དུ་མེད། །རང་གིས་རང་ལ་མཚོན་ནས་རྟོགས་པར་བྱོས། །ཞེས་པ་ལྟ་བུ་ལགས་སོ། །ཡང་དེ་ལས་ལྡོག་ནས་གྲུབ་མཐས་རང་གི་ངོ་གདོང་གི་སྒྲོ་སྐུར་བཅད་པས་གནས་ལུགས་ལ་སྦྱོར་བ་ནི་ངེས་པར་བྱས་ཏེ། གཞན་དུ་ན་གྲུབ་མཐའ་དགོས་མེད་སོགས་སུ་གྱུར་རོ། །
༈ ༡༩ ༡༢ ༡༢ དགོངས་གཅིག་བྱད་སེམས་གནད་བསྡུས་ཀྱི་འཚོམས་༢༤ལས་རྡོ་རྗེའི་གསུང་༡༤པ། ཉན་ཐོས་ཀྱིས་ཀྱང་ཕྱོགས་གཅིག་བབས་ཀྱི་གནས་ལུགས་མཐོང་། བྱ་བ་ལ་ཇི་སྐད་དུ། ཉན་ཐོས་རྣམས་ཀྱི་ཆོས་དབྱིངས་དང་། །ང་ཡི་ཆོས་དབྱིངས་མཚུངས་པར་གཅིག །ཉན་ཐོས་རྣམས་ཀྱི་རྣམ་གྲོལ་དང་། །ང་ཡི་རྣམ་པར་གྲོལ་བའང་གཅིག །ཅེས་པས་གྲུབ་མཐར་བཟུང་བ་རྡུལ་ཕྲན་ཆ་མེད་དང་ཤེས་པ་སྐད་གཅིག་ཆ་མེད་བར་དུ་བཤིག་པ་གཅིག་ཅིང་དེ་ནས་དངོས་སྟོབས་ཀྱི་མྱོང་བས་ཆ་མེད་དེ་ཡང་བཤིག་ནས་བདེན་མེད་རྟོགས་པས་ཉོན་མོངས་སྤོང་དགོས་ཏེ་ཞི་སྒོར་གཉིས་པ་འོ། །༈ རྡོ་རྗེའི་གསུང་༡༥པ། ས་དྲུག་པ་མན་ཆད་ཉན་རང་གྱི་མངོན་རྟོགས་དང་ཐུན་མོངས་ཡིན། བྱ་བ་ལ་བྱང་སེམས་ས་དྲུག་པ་མན་ཆད་མཉམ་བཞག་ལ་བདེན་མེད་རྟོགས་པ་ལ་གཅིག་པར་མ་ཟད་རྗེས་ཐོབ་ཏུ་ཡང་ས་ལྔ་པར་བདེན་བཞི་ཕྲ་རགས་ལ་མཁས་པ་བཞིན་ཉན་ཐོས་ཀྱང་མཚུངས་པས་གཅིག །དྲུག་པར་རྟེན་འབྲེལ་ལུགས་འབྱུང་ལྡོག་ཕྲ་རགས་ལ་མཁས་པ་བཞིན་རང་རྒྱལ་ཀྱང་དེ་ལ་གཅིག་མཚུངས་སུ་མཁས་པར་གསུངས་པས། མདོར་ན་ས་དྲུག་པ་མན་ཆད་ཀྱིས་ཉན་རང་རྟོགས་པས་གཟིལ་གྱིས་གནོན་མི་ནུས་པར་གསུངས་ཤིང་འོན་ཏེ་རིགས་ཀྱི་སྒོ་ནས་ནི་བྱང་སེམས་ཚོགས་སྦྱོར་རྣམས་ཀྱིས་ཉན་རང་གཟིལ་གྱིས་ནོན་པར་གསུངས་སོ། །ལོ་རྒྱུས་ལ་བུ་མོ་མྱ་ངན་མེད་ཡོད། །དེས་འབྲེལ་ནས།༈ རྡོ་རྗེའི་གསུང་༡༦པ། སེམས་ཙམ་ནི་ས་བདུན་གྱི་མངོན་རྟོགས་རིང་དུ་སོང་། བྱ་བ་ནི་མཉམ་བཞག་ལ་ནི་ག་ལ་ཡིན་ཏེ་ས་དང་པོ་ནས་བདེན་མེད་མངོན་སུམ་དུ་རྟོགས་ཟིན་པའི་ཕྱིར། དེས་ན་རྗེས་ཐོབ་ཏུ་ཉན་རང་གིས་འཇུག་པར་དཀའ་བའི་མཉམ་བཞག་ལ་སྐད་ཅིག་གཅིག་ལའང་མཇུག་ལྡང་དུ་མ་བྱེད་ནུས་ཤིང་དངོས་པོ་གང་འདོད་སྒྱུར་ནུས་པའི་མཐུ་ཐོབ་པས་སེམས་ཅན་གྱི་དོན་ཐབས་མཁས་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པའི་རྒྱུ་ཡི་གཙོ་བོ་ནི་ཆོས་ཀུན་སེམས་ཙམ་དུ་མངོན་སུམ་མྱོང་སྟོབས་ཀྱི་མངོན་རྟོགས་འཁྲུངས་པ་ལ་བརྟེན་ནས་བྱུང་བར་གསུངས་པས་ཉན་རང་གྱི་མངོན་རྟོགས་ལས་རིང་དུ་སོང་ཞེས་གསུངས། །རྒྱབ་བརྟེན་ལུང་ནི་འགྲེལ་པར་གསལ། །དེས་དྲངས་ནས་༈ རྡོ་རྗེའི་གསུང་༡༧པ།  ཆོས་བདག་མེད་པ་ས་བརྒྱད་པ་ལ་མངོན་དུ་བྱས། བྱ་བ་ལ་འགྲེལ་པ་བྱེད་མ་ནུས། འོན་ཏེ་གོང་གི་བབ་ལས། སོ་སྐྱེས་ཚོགས་སྦྱོར་ལ་ཆ་མེད་ཀྱི་ལྟ་བ་མངོན་དུ་གྱུར། ས་དང་པོ་ནས་དྲུག་པའི་བར་གང་ཟག་གི་བདག་མེད། བདུན་པ་ལ་ཕྱེད་བདག་མེད་སེམས་ཙམ། ས་བརྒྱད་པར་ཆོས་ཀྱི་བདག་མེད་དངོས་སྟོབས་ཉམས་མྱོང་གི་མངོན་སུམ་དུ་གྲུབ་པར་གསུངས་པ་འདྲ། །དེ་ཐམས་ཅད་མཉམ་བཞག་ལ་མི་བརྩིས་རྗེས་ཐོབ་ལ་ད་ལྟ་ངེད་རང་ཚོ་ལ་གང་སྣང་བདེན་པ་ཨ་ཐས་མངོན་སུམ་དངོས་སྟོབས་ཉམས་མྱོང་གི་ཚུལ་དུ་སྣང་བ་བཞིན་བཞག་དགོས་པ་འདྲ་སྟེ་བསམ་ཚུལ་ཙམ་མོ། །ལུང་སོགས་ཀྱི་དགོངས་འགྲེལ་འགྲེལ་པར་གཟིགས། །
༈ ༢༠ ༡༢ ༡༢ དགོངས་གཅིག་བྱད་སེམས་གནད་བསྡུས་ཀྱི་འཚོམས་༢༤ལས་རྡོ་རྗེའི་གསུང་༡༨པ། ས་ལམ་ཐམས་ཅད་རྟོགས་པ་གཅིག་གིས་འགྲོད། བྱ་བའི་དོན་ནི། ཐེག་པ་ཐུན་མོང་གི་སྟོང་ཉིད་དང་། ཐུན་མིན་གྱི་ལྷན་སྐྱེས་ཡེ་ཤེས་ལ། གསལ་སྣང་ཅུང་ཟད་ཐོན་ནས་གོང་འཕེལ་འགྱུར་བ་ལ་ཚོགས་སྦྱོར་ཏེ་རྩེ་གཅིག །དེའི་ངོ་བོ་མངོན་སུམ་དུ་མཐོང་བ་ན་མཐོང་ལམ་སྟེ་སྤྲོས་བྲལ། །ལུས་དང་སྣང་བ་ཐམས་ཅད་དེ་འདོར་ན་ཕྱི་རོལ་གྱི་འཁོར་བའི་སྣང་བའང་ཆོས་ཉིད་དེ་ཉིད་དུ་ནུབ་འགོ་ཚུགས་པ་དག་ས་སྟེ་རོ་གཅིག །མཉམ་རྗེས་དང་ཡུལ་ཡུལ་ཅན་གཉིས་མེད་དུ་རྟོགས་འདྲེས་གྱུར་ནས་མཉམ་བཞག་ངང་དེ་ག་ནས་འགྲོ་དོན་ལྷུན་གྲུབ་ནི་སངས་རྒྱས་ས་སྟེ་བསྒོམ་མེད། །དེས་ན་འཇིག་རྟེན་མགོན་པོས། ཅི་ལྟར་སྨྱུག་ཚིགས་མང་པོ་ལ། །བཀས་པའི་ཚུལ་གྱིས་ཐམས་ཅད་ཀྱང་། །གས་པ་གཅིག་གིས་བཀས་པ་ལྟར། །དེ་བཞིན་ཡེ་ཤེས་གཅིག་ནས་གཅིག །ཅེས་པ་ལྟར་རྟོགས་བྱ་ཆོས་ཉིད་གཅིག་གསལ་ཟབ་རིམ་གྱིས་མཐར་ཕྱིན་པའི་ཚུལ་དུ་གྱུར་པའོ། །༈ རྡོ་རྗེའི་གསུང་༡༩པ། ས་ཡི་ཡོན་ཏན་བྱུང་བ་མུ་དྲུག བྱ་བ་ནི། ས་ཐོབ་ནས་ས་དེའི་ཡོན་ཏན་ཇི་ལྟར་འབྱུང་བ་ལ། ༡རིམ་གྱིས་པའི་མུ། ༢ཅིག་ཆར་བའི་མུ། ༣འགའ་ཞིག་ཡོད་པ་དང་མེད་པའི་མུ། ༤ཡོད་ཀྱང་གཞན་གྱིས་མི་མཐོང་བའི་མུ། ༥རྣལ་འབྱོར་ཉམས་སྣང་གི་མུ། ༦ལུང་ཁུངས་ཀྱི་མུ་བཅས་ཀྱི་མུ་དྲུག་འགྲེལ་པ་དང་ལོ་རྒྱུས་ནི་འགྲེལ་པར་གསལ། །དོན་མདོར་ན་ས་ཐོབ་པ་དང་དེའི་ཡོན་ཏན་རྣམས་ཉི་མ་དང་འོད་ཟེར་བཞིན་སྐད་ཅིག་ལ་འབྱུང་མི་དགོས་པར་དོད་ཡོན་ཏན་རྣམས་སྦྱང་པའི་སྟོབས་ཀྱིས་འབྱུང་གསུངས། །དཔེར་ན་རྗེ་མི་ལ་ལྟ་བུ་བླ་མ་མར་པའི་དྲུང་དུ་ལོ་དྲུག་དང་ཕྱེད་ཀས་ས་དང་པོ་མཐོང་ལམ་ཐོབ་དེ་ནས་ཕ་ཡུལ་དུ་མི་རྟག་བསྐུལ་མས་བྲག་དཀར་རྟ་སོ་སོགས་སྒྲུབ་པའི་ཡོན་ཏན་རྣམས་སྦྱངས་པས་དོད་ཡོགས་གྲགས་གནམ་ལ་འཕུར་བ་དང་མངོན་ཤེས་སོགས་ས་དང་པོའི་ཡོན་ཏན་ཐོབ་གསུངས། །༈ རྡོ་རྗེའི་གསུང་༢༠པ། རྒྱུ་ལམ་འབྲས་བུ་ཐམས་ཅད་ཚོགས་གཉིས་ཟུང་འཇུག བྱ་བ་ནི། འཆད་ཚེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཞེས་ཐ་དད་དུ་འཇོག་རྒྱུ་ཡོད་ཀྱང་ཉམས་སུ་ལེན་ཚེ་རྣམ་པ་ཐམས་ཅད་དུ་ཚོགས་གཉིས་ཟུང་དུ་འཇུག་པའམ་ཟུང་དུ་འབྲེལ་དགོས་གསུངས། །༈ རྡོ་རྗེའི་གསུང་༢༡པ། མཐོ་དམན་གང་དུ་ཡང་ཞིང་གདམ་པ་གནད། བྱ་བ་ལ་ཞལ་སྔ་ནས། རྒྱུད་ཚོད་མཐོ་དམན་གང་ཡིན་ཀྱང་ཞིང་གདམ་དགོས་ཏེ། ༡བསོད་ནམས་ཀྱི་ཚོགས་ཅུང་ཟད་གཅིག་བསགས་ཀྱང་གནས་སྐབས་དང་མཐར་ཐུག་ཏུ་འབྲས་བུ་རྒྱ་ཆེན་པོ་བྱུང་བ་དང་། ༢དགེ་བའི་རྩ་བ་དེ་རང་གཞན་གྱི་དོན་དུ་བསྔོས་པས་རང་གཞན་གྱི་དོན་རྒྱ་ཆེན་པོ་འབྱུང་བ་དང་། ༣ཡུལ་དམན་པ་གསུམ་ལ་སྦྱིན་ན་འབྲས་བུ་ཆུང་ངུ་ལས་མི་འབྱུང་བའི་སྟེང་དུ་ཉེས་པ་གསུམ་འབྱུང་བ་དང་༼བཅས་༽རྒྱུ་མཚན་གསུམ་གྱིས་མཐོ་དམན་གང་དུ་ཡང་ཞིང་གདམ་དགོས། །གསུངས། །ཞིང་དམན་པ་གསུམ་དང་དེའི་ཉེས་པ་གསུམ་འགྲེལ་པར་གསལ། །འོན་ཏེ་ཞིང་དམན་པ་བྱུང་ན་ཞིང་དམ་པར་སྒྲུབ་དགོས་པར་གསུངས་ཏེ། ཆོས་ཐམས་ཅད་རང་གི་སེམས། སེམས་གར་ཡང་བསྒྱུར་བཏུབ་པས་ཞིང་སངས་རྒྱས་སོགས་སུ་དམ་པར་བསྒྲུབས་ནས་འབུལ་དགོས། །དེ་ལྟ་མ་ཡིན་པར་ཞིང་དམ་པ་སངས་རྒྱས་ཀྱང་རང་སེམས་མ་དག་པས་ཞིང་དམན་པར་བསྒྲུབ་ཏུ་ཡོད་པས་གཟབ་འཚལ་གསུངས་སོ། །ཕག་གྲུས། བྱམས་པ་སྒོམ་པའི་སྒོམ་ཆེན་དེས། །་དགྲ་གཉེན་ཐམས་ཅད་ཕ་མར་མཐོང་། །བསྐྱེད་རིམ་བརྟན་པའི་སྒོམ་ཆེན་གྱིས། །སྣོད་བཅུད་ཐམས་ཅད་ལྷ་རུ་མཐོང་། །འོད་གསལ་སྒོམ་པའི་སྒོམ་ཆེན་གྱིས། །ཕྱོགས་རིས་མེད་པ་ཆོས་སྐུར་རྟོགས། །ཞེས་གསུངསོ། །
༈ ༢༡ ༡༢ ༡༢ དགོངས་གཅིག་བྱད་སེམས་གནད་བསྡུས་ཀྱི་འཚོམས་༢༤ལས་རྡོ་རྗེའི་གསུང་༢༢པ། ཆེད་དུ་བདག་ཏུ་བཟུང་ནས་ཚོགས་གསོག་པ་ཐབས་མཁས། བྱ་བ་ནི་སྤྱོད་འཇུག་ལས། འདི་ལ་བདག་གི་ཞེན་བྱ་བཞིན། །ཞེས་སོགས་གསུངས་པ་ལྟར་དང། འདིར་ཞལ་སྔ་ནས། འདི་མེད་ན་སྐྱོན་དང་ཡོན་ཏན་བགག་སྒྲུབ་ཆོས་གང་ཡང་མ་བཟུང་བའི་བློ་ཆོལ་ལེ་༼ཉོག་ལེ་༽དེ་ནི་གཏི་མུག་ཡིན་པས་སླར་ཡང་བདག་འཛིན་མཁྲེག་པར་གྱུར་ནས་སྤོང་དཀའ། བདག་མེད་ཀྱི་དོན་རྟོགས་པ་ལྟ་ཅི་དགོས་པ་ལས་སླ་བ་ཡང་མི་གྲུབ་པས། ཆེད་དུ་བདག་ཏུ་བཟུང་བ་འདི་ཟབ་གསུངས། །དེས་ནས་དངོས་པོ་རྣམས་བདག་ཏུ་བཟུང་ནས་ཡུལ་གོང་མ་དང་དོན་རྒྱ་ཆེན་པོ་ལ་མཆོད་པ་ནི་ཐབས་མཁས་ཏེ། དེ་ཉིད་ལས། ཡོངས་སུ་བཟུང་བ་མེད་པ་དེ་དག་ཀུན། །བློ་ཡིས་བླངས་ནས་ཐུབ་པ་སྐྱེས་ཀྱི་མཆོག །ཅེས་སོགས་བྱུང་བའི་ཕྱིར་སོ། །༈ རྡོ་རྗེའི་གསུང་༢༣པ། འཁོར་འདས་ཐམས་ཅད་ཀྱི་དགེ་བའི་རྩ་བ་བསྔོ་བ། བྱ་བ་ནི་གོང་ལས་འཕྲོས་ཏེ་ཐབས་མཁས་པས་འཁོར་འདས་ཐམས་ཅད་ཀྱི་དགེ་བའི་རྩ་བ་བསྔོ་བ་ལ་ཐོབ་ཐང་ཡོད་པར་གསུངས་ཏེ། བདག་དང་འཁོར་འདས་ཐམས་ཅད་༡རང་སེམས་ཡིན་པས་གང་བསྒྱུར་བསྒྱུར་དུ་ཡོད་པའི་ཕྱིར་དང་། ༢ཆོས་དབྱིངས་ལ་ཁྱད་པར་མེད་པའི་ཕྱིར་དང་། ༣མ་རྒན་གྱི་དོན་དུ་སེམས་བསྐྱེད་པས་མ་ཡི་བུ་རང་ཉིད་ཡིན་པས་མ་རྒན་སེམས་ཅན་ཐམས་ཅད་ཀྱི་དགེ་རྩ་རང་ལ་དབང་བ་དང་། ༤སངས་རྒྱས་རྣམས་ཀྱིས་དང་པོ་ཐུགས་བསྐྱེད་བར་དུ་ཚོགས་བསགས་ཐ་མར་སངས་རྒྱས་ནས་ཆོས་བསྟན་པའི་དགེ་རྩ་ཇི་སྙེད་པ་ཐམས་ཅད་སེམས་ཅན་གྱི་དོན་དུ་བས་ན་ངེད་རང་རྣམས་ཀྱི་དགེ་རྩ་དེ་ཐམས་ཅད་བསྟན་པ་དང་སེམས་ཅན་གྱི་དོན་བསྔོ་ཆོག་གསུངས། །མདོར་ན་བསྔོ་བ་གལ་ཆེ། །༈ རྡོ་རྗེའི་གསུང་༢༤པ། ༼མ་ཟད་༽སངས་རྒྱས་བླ་མ་ལ་ཡང་བསྔོ་བ་དགོས། བྱ་བ་ནི་ཞལ་སྔ་ལས། ༼སངས་རྒྱས་དང་བླ་མའི་༽འཕྲིན་ལས་རྫོགས་པ་ལ་མྱུར་བས་སངས་རྒྱས་དང་བླ་མ་ལ་ཡང་བསྔོ་བ་བྱས་ན་ལྷག་པར་དགའ་གསུངསོ།། །།བསྐལ་པ་དུ་མ་རབ་དགོངས་མཛད་པ་ཡི། །ཐུབ་དབང་རྣམས་ཀྱི་དེ་ཉིད་ཕན་པར་གཟིགས། །བཞི་པ་བྱང་སེམས་གནད་བསྡུས་ཀྱི་ཚོམས་ཀྱི་ཟིན་བྲིས་ཐལ་ལོ།། །།