Friday, 28 December 2012

22-28/12/12.དགོངས་གཅིག་ཟིན་བྲིས། gongchig note घोड चीग चारचा

ཁྱབདག་རྡོེ་འཆང་ལ་ན་མོ།

༈ ༢༢ ༡༢ ༡༢ བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ། །སེམས་ནི་རྒྱ་ཆེ་མཆོག་ཏུ་རབ་བསྐྱེད་ནས། །འགྲོ་བ་འདི་དག་གདོད་ནས་སངས་རྒྱས་ཕྱིར། །གཞི་ཡི་དབང་ལ་ལམ་གྱི་དབང་བསྐུར་བས། །འདི་ན་སྣོད་མིན་མེད་པས་གསང་སྒྲོག་ཐལ། །གསང་སྔགས་ཀྱི་ཚོམས་འགོ་ཚུགས་པ་དང་འགོ་ཡི་དུས་རྒྱུན་ཞལ་འདོན་གྱི་ནང་དུའང་ཏིང་འཛིན་གྱི་དབང་བཞི་ཞིག་ཀྱང་ལེན་གནང་གི་འདུག །༈ དགོངས་གཅིག་གསང་སྔགས་གནད་བསྡུས་ཀྱི་འཚོམས་༢༨ལས་རྡོ་རྗེའི་གསུང་༡པོ། སྔགས་ནི་བསྟན་པ་གཞན་ལའང་འབྱུང་། བྱ་བ་ལ་རིགས་པ་ནི། སྒྲིབ་པ་ཕྲ་རགས་གཉིས་སྤོང་བའི་ཆེད་དུ་རྒྱུ་མཚན་ཉིད་དང་འབྲས་བུ་སྔགས་ཀྱི་ཐེག་པ་གཉིས་བྱུང་བས་སྔགས་ཀྱི་བསྟན་པ་ངེས་པར་འབྱུང་གསུངས། །ལུང་ནི་མཚན་བརྗོད་ལས། འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུང་འགྱུར་ལ། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །ཡང་དང་ཡང་དུ་གསུངས་པ་གང་། །སོགས་ལུང་མང་། དེ་ལྟར་ན་སྔགས་ཀྱི་བསྟན་པ་གཞན་ལའང་འབྱུང་གསུངས། །འོན་ཏེ་མི་འབྱུང་བར་གསུངས་པ་ནི་མངོན་ཚན་དང་ཤས་ཆེ་ཅུང་ལ་ལྟོིོས་ནས་གསུངས་གྱི། གཞན་དུ་ན་སྔགས་ཀྱི་གདུལ་བྱ་གར་ཡོད་དུ་སྔགས་ཀྱི་བསྟན་པ་འབྱུང་གསུངས། །འདི་ཡང་སྤྱི་བཞེད་དང་མཐུན་ནས་བྱེ་བྲག་གི་བཞེད་པ་ཡིན་གསུངས། ། ༈ རྡོ་རྗེའི་གསུང་༢པ། དབང་གི་དོན་རྒྱུད་ལ་སྐྱེས་ན་ཐོབ། བྱ་བ་ལ་འདིར་ཞལ་སྔ་ནས།  སློབ་དཔོན་རབ་འབྲིང་གཉིས་ལ་ཚད་བཟུང་མི་ནུས། ཐ་མའི་དབང་དུ་བྱས་ནས་ཆོ་གའི་རྣམ་བཞག་༼གཅིག་པུས་དབང་༽དོན་དེ་ཉིད་ཐོབ་པ་མིན་ཏེ། དབང་དོན་རྒྱུད་ལ་སྐྱེས་ན་ཐོབ་པ་ཡིན་གསུངས། །༈ རྡོ་རྗེའི་གསུང་༣པ། ལྷ་ཕྱོགས་གཅིག་པས་ཀྱང་དབང་བསྐུར་དུ་འགྲོ། བྱ་བ་ནི་གདན་གསུམ་ཚང་བའི་དཀྱིལ་འཁོར་དུ་མ་ཟད་དངོས་སུ་མ་ཚང་བའི་ལྷ་ཡིན་ཀྱང་དེའི་དཀྱིལ་འཁོར་དུ་དབང་བསྐུར་བ་རུང་གསུངས། དཔེར་ན་དགེ་ལྡན་གྱི་འཇིགས་བྱེད་དཔའ་གཅིག་དང་འདི་གའི་རྣལ་འབྱོར་མ་ལྷ་ལྔ་ལྟ་བུ་ཏེ། དངོས་སུ་མ་ཚང་ཡང་རིགས་ཀྱི་དབྱེ་བའི་བསམ་གྱིས་མི་ཁྱབ་པ་གྱུར་པས་སོ། །༈ རྡོ་རྗེའི་གསུང་༤པ། དཔེ་དོན་གྱི་རྟོགས་པ་མ་སྐྱེ་ན་དོན་ཁོང་དུ་མི་ཆུད། བྱ་བ་ལ་དཔེའི་གོ་བས་འདྲ་བས་འདྲ་བ་མཚོན་པ་དང་དོན་གྱི་རྟོགས་པ་མེད་པའི་ཉམས་མྱོང་ནི་བློས་བྱས་ཡིན་ན་ཕྱག་རྒྱ་ཆེན་པོ་བློ་ལས་འདས་པའི་ཕྱིར་དཔེ་དོན་གྱི་ཡེ་ཤེས་རྟོགས་པ་བཞི་པའི་དོན་ཁོང་དུ་ཆུད་མི་ནུས་གསུངས་པ་འདྲ། །ཇི་སྐད་དུ། གོ་བ་ལྷན་པ་ཡིན་ཏེ་གོག་ནས་འགྲོ །ཉམས་ན་བུན་ཡིན་ཏེ་ཡལ་ནས་འགྲོ །རྟོགས་པ་འགྱུར་བ་མེད་དེ་ནམཁའདྲ། །གསུངས་ལྟ་བུ་ལགས། །
༢༣ ༡༢ ༡༢༈ དགོངས་གཅིག་གསང་སྔགས་གནད་བསྡུས་ཀྱི་འཚོམས་༢༨ལས་རྡོ་རྗེའི་གསུང་༥པ། བསྐྱེད་རིམ་ནི་ཡོངས་སུ་གྲུབ་པ། བྱ་བ་ནི་གསར་མ་དགེ་ལྡན་ལྟ་བུས་ཀུན་བཏགས་དོན་སྤྱི་ལྟ་བུར་འདོད་རུང་གཞི་སེམས་ཅན་གྱི་སྣང་ཚུལ་གཙོ་བའི་ངོས་ནས་འཇལ་བས་དེས་ཀྱང་དགོས་པ་འགྲུབ་མི་ནུས་པ་མ་ཡིན་ལ། འདིར་ལམ་འབྲས་བུའི་སྣང་ཚུལ་གཙོ་བའི་ངོས་ནས་གཞལ་ན་སྔགས་རྙིང་མའི་སྣང་སྲིད་ལྷར་སྒྲུབ་ཀྱི་རིགས་པས་འགྲུབ་ནུསོ། །༈ རྡོ་རྗེའི་གསུང་༦པ། རང་བྱུང་རྣམས་ལ་འཇུག་པའི་ཆོ་ག་གལ་ཆེ། བྱ་བ་ནི་ཅི་སྟེ་ཁྱོད་ཀྱི་རྒྱུད་ལ་ཏིང་ངེ་འཛིན་གྲུབ་པའི་ཡོན་ཏན་སྐྱེས་སྟོབས་ཀྱི་རང་བྱུང་དུ་ཡོད་སླར་ཡང་ཆོ་ག་རྣམ་དག་ལ་འཇུག་ནས་དེ་ཉིད་ཆུད་མི་ཟ་བར་བྱ་དགོས་པར་གསུངས་སོ། །༈ རྡོ་རྗེའི་གསུང་༧པ། ལྷ་ཐམས་ཅད་ལ་མཚན་དཔེའི་ཡོན་ཏན་དང་ལྡན། བྱ་བ་ལ་རིགས་པ་འདིར་རྒྱུ་མཚན་ལྔ་གསུངས། །ལུང་ལ་མང་ཡང་བརྟག་པ་འོག་མའི་དངོས་གྲུབ་གཏན་ལ་འབེབས་པའི་ལེའུ་གཉིས་པ་ལས། བཙུན་མོའི་བྷ་ག་༼ཆོས་དབྱིངས་༽བདེ་༼ཆེན་ཆོས་སྐུའི་༽གནས་སུ། །སྟོན་པ་སུམ་ཅུ་རྩ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་ཅུར་ལྡན། །༼པ་ནི་བྱང་ཆུབ་ཀྱི་སེམས་༽ཁུ་བ་ཞེས་བྱ་༼བའི་རང་བཞིན་དུ་༽རྣམ་པར་གནས། །དེ་མེད་པས་ན་བདེ་མེད་འགྱུར། །བདེ་བ་མེད་ན་དེ་མེད་འགྱུར། །༼དེས་ན་བདེ་ཆེན་བྱང་ཆུབ་ཀྱི་སེམས་དེ་ལས་མ་ཤར་བའི་གསང་སྔགས་ལྷ་མེད་ན་མཚན་དཔེ་མ་ལྡན་པའི་ལྷ་མེད་དོ། །༽ནུས་པ་མེད་ཕྱིར་ལྟོས་དང་བཅས། །ལྷ་ཡི་རྣལ་འབྱོར་ལས་བདེ་བ། །ཞེས་པའི་དོན་ཡིན་ནམ་སྙམ། །༈ རྡོ་རྗེའི་གསུང་༨པ། ལྷ་ལ་སོགས་པ་མདོ་རྒྱུད་དུ་གསུངས་པ་གཙོར་བྱེད། །བྱ་བ་ནི་ལྷ་བཞེང་བྲིས་སྒོམ་གང་གི་སྐབས་སུའང་མདོ་རྒྱུད་ནས་གསུངས་པ་གཙོ་བོ་བྱས་ནས་མཚན་དཔེས་བརྒྱན་པ་འབྲི་དགོས། དེ་ཡང་ཚང་བར་འབྲི་དགོས་འོད་དང་ཐིག་ལེ་རྒྱན་སོགས་རེ་རེའང་གནད་ཤིན་ཏུ་ཟབ་པ་ཡོད་པ་ལྟ་བུ་དང་། ལྷག་པར་རང་གི་བླ་མ་ལྟ་བུ་སྐུ་འབྲས་མི་མཚར་བ་ལྟ་བུ་ཡིན་ཡང་མཚན་དཔེས་བརྒྱན་ཅིང་མཚར་སྡུག་ཏུ་འབྲི་སྒོམ་སོགས་དགོས་གསུངས། །
༢༤ ༡༢ ༡༢༈ དགོངས་གཅིག་གསང་སྔགས་གནད་བསྡུས་ཀྱི་འཚོམས་༢༨ལས་རྡོ་རྗེའི་གསུང་༩པ། དབང་པོ་རབ་ལ་ཆོ་ག་རྒྱས་པ་ལྷག་པར་དགོས། བྱ་བ་ལ་དོན་བསྡུ་ན་ཞལ་སྔ་ནས། ཆོ་ག་རྒྱས་པ་དེའི་ཕྲིན་ལས་ཡོན་ཏན་བསམ་གྱིས་མི་ཁྱབ་པ་འབྱུང་བའི་ཕྱིར་དབང་པོ་རབ་ལ་ཆོ་ག་རྒྱས་པ་ལྷག་པར་ཡང་དགོས་ཏེ། ཞེས་གསུངས་པའི་མཚོན་རྒྱས་བཤད་འབྲེལ་པར་གཟིགས། །༈ རྡོ་རྗེའི་གསུང་༡༠པ། སྤྲོས་པ་ཐམས་ཅད་བབས་ཀྱི་རྟེན་འབྲེལ་གྱིས་འབྱུང་། བྱ་བ་ནི་གོང་གི་རྡོ་རྗེའི་གསུང་༩པའི་རྒྱུ་མཚན་དུ་གྱུར་ཏེ། ཇི་སྐད་དུ། ཇི་ལྟར་ཕྱི་རོལ་དེ་བཞིན་ནང་། །ཞེས་པ་ལྟར་ཕྱི་སྣོད་ཀྱི་རྟེན་འབྲེལ། ནང་བཅུད་ཀྱི་རྟེན་འབྲེལ། གསང་བ་ཡི་དམ་ལྷ་ཡི་རྟེན་འབྲེལ་ལ་བརྟེན་ནས་བསྐྱེད་རིམ་སྤྲོས་པ་ཇི་ཙམ་སྤྲོས་པ་ཐམས་ཅད་རྟེན་འབྲེལ་གྱི་བབ་ལས་སྤྲོས་པ་ལས་གཞན་དུ་ཡོངས་གྲུབ་ཀྱི་བསྐྱེད་རིམ་དང་འགལ་ནས་འབྲས་བུ་ཇི་ལྟ་བ་བཞིན་འབྱུང་མི་ནུས་པ་སྐྱོན་དུ་འགྱུར། །དཔེར་ན་གསུམ་མགོན་གྱིས་གྲུབ་ཆེན་བརྒྱད་བཅུའི་བཞུགས་སྟངས་ལ་གཟིགས་ནས་རྩ་རླུང་གི་གནད་མཐའ་དག་རྟོགས་གསུངས། །ཕྱི་ནང་གཞན་གསུམ་གྱི་རྟེན་འབྲེལ་ལམ་ཙམ་ཞིག་འགྲེལ་པར་གསལ། །ཞིབ་ཕྲ་ནི་རང་རང་གི་བསྐྱེད་རིམ་གྱི་གཞུང་ལས་ཤེས་དགོས། །༈ རྡོ་རྗེའི་གསུང་༡༡པ། རྡོ་རྗེའི་ལུས་ཀྱི་གནས་ལུགས་ནི་ཟབ་མོའི་འཁོར་ལོ། བྱ་བའི་དོན་ནི་ཇི་བཞིན་མ་གོ ༈ རྡོ་རྗེའི་གསུང་༡༢པ། གནས་ལུགས་འགའ་ཞིག་རྡོ་རྗེ་འཆང་གིས་སྦས། བྱ་བ་ནི་ཇི་སྐད་དུ། གསང་སྔགས་གསང་བཞིན་སྦས་པ་ནི། །སྔགས་ལ་སྐྱོན་ཡོད་མ་ཡིན་ཏེ། །སྐལ་མེད་ལོག་ལྟ་རྣམས་ལ་གསང་། །ཞེས་པ་ལྟར་དབང་རྣོན་འགའ་རེས་རང་དགར་འཇུག་མི་ནུས་ཤིང་བླ་མ་བརྟེན་པ་གལ་ཆེ་བ་སོགས་ཉེས་པ་རྣམས་འགྲེལ་པ་གསལ་བ་ལྟར་གྱིས་སོ། །༈ རྡོ་རྗེའི་གསུང་༡༣པ། འདུག་ཚུལ་དང་ལས་འགའ་ཞིག་ཟབ། བྱ་བ་ལ་གནད་མ་གོ་བ་མེད་གསུངས། །
༡༢ ༡༢༈ དགོངས་གཅིག་གསང་སྔགས་གནད་བསྡུས་ཀྱི་འཚོམས་༢༨ལས་རྡོ་རྗེའི་གསུང་༡༤། གཞན་གྱིས་ཟབ་པ་མི་ཟབ་ལ་མི་ཟབ་པ་ཟབ། བྱ་བ་ནི་ལས་དང་པོ་པའི་ཉམས་ལེན་གྱི་དབང་དུ་བྱས་ནས་ལམ་འོག་མ་རྣམས་གོང་མའི་གཞི་རྟེན་ཡིན་པས་འོག་མ་རྣམས་ཤིན་ཏུ་ཚག་ཚུད་དགོས་པར་གསུངས་ཏེ་ཞལ་སྔ་ནས་གསུམགོན་གྱིས། མཆོག་དབང་གོང་མ་ཟབ་ཟེར་ཡང་། །འམ་བུ་བུམ་དབང་ལ་རྩི་ཆོད་ཆེ། །གཞི་དང་སྣོད་དང་ལུས་ལྟ་བུ། །གསུམ་པོ་དེ་ཡི་ཁྱད་པར་ཆོས། །ཞེས་གསུངས། །༈ རྡོ་རྗེའི་གསུང་༡༥པ། མི་ཟབ་པའི་གདམས་པ་མེད་ན་ཟབ་མོ་རྩ་རླུང་གིས་ཚང་མི་རྒྱ། བྱ་བ་མི་ཟབ་པའི་གདམས་པ་སྔོན་འགྲོའི་ཆོས་རྣམས་མེད་རྩ་རླུང་ཟབ་མོ་རྣམས་ནི་མུ་སྟེགས་ལའང་ཡོད་པས་ཚང་རྒྱ་མི་ནུས་ཏེ་གསུམགོན་གྱིས། ཆགས་པ་སྤྱོད་པའི་སྦྱོར་ཐབས་གསུམ་བརྒྱ་དྲུག་ཅུ་དང་། །རྩ་རླུང་ཐིག་ལེའི་གནད་རྣམས་ཟབ་པ་མ་ཡིན་ཏེ། །དེ་དག་འོད་གསལ་དབྱིངས་སུ་དག་ན་ཐུབ་པའི་ཆོས། །རྒྱལ་བས་གསང་སྔགས་ཟབ་པའི་གནད་དུ་གསུངས་པ་ཡིན། །གཞན་དུ་མུ་སྟེགས་འཁོར་བའི་སྒྲུབ་ཐབས་སུ། །ནན་ཏན་ཆེན་པོས་བཀའ་སྩལ་ཡང་ཡང་གསུང་། །ཞེས་སོ། །༈ རྡོ་རྗེའི་གསུང་༡༦། བཀའ་དང་འགལ་བའི་གོ་མྱོང་ནི་ལོག་རྟོག་ཡིན། བྱ་བ་ནི་ཆོས་ངོས་གཟུང་། རྗེ་མི་ལས། རྣལ་འབྱོར་སེམས་ལ་ཅི་ཡང་འཆར། །ཞེས་རྩ་རླུང་ཐིག་ལེའི་བྱེ་བྲེག་ལ་བརྟེན་པའི་ཁམས་འདུ་ལུགས་ཐ་དད་པ་རྣམས་ཀྱི་ཉམས་མྱོང་འདི་མ་སྐྱེས་བྱ་བ་མེད་པས་སྒོམ་ཆེན་སྒོམ་གོལ་བ་བདུད་ཀྱི་འཁྱེར་བའི་བདུད་ཀྱི་ལེའུ་གསུངས་པ་བཞིན་མདོར་ན་རང་རྒྱུད་ལ་སྐྱོན་ཡོན་གང་བྱུང་ཡང་གེགས་སེལ་བོགས་འདོན་གྱི་ཚུལ་ཐུབ་པའི་བཀའ་ཡི་རྗེས་སུ་འབྲངས་ཏེ་དེ་དང་མཐུན་པར་བྱེད་པ་ཤིན་ཏུ་གལ་ཆེ་གསུངས། །༈ རྡོ་རྗེའི་གསུང་༡༧། བཀའ་ཡི་དགོངས་པ་ཐམས་ཅད་འགལ་མེད་དུ་འགྲོ་དགོས། བྱ་བ་སླར་ནན་ཏན་ཏེ། འདིར་ཞལ་སྔ་ནས། དེ་ལ་བཀའ་ཡི་དགོངས་པ་ཐམས་ཅད་དང་མི་འགལ་བར་ཆོས་གཅིག་པོ་དེ་གང་ཡིན་ན། སྤྱིར་ཆོས་ཀྱི་འཁོར་ལོ་རེ་རེའང་གསུམ་ཀ་ཚང་བས་སྡོམ་པ་གསུམ་གནད་གཅིག་པ་དང་། ཚུལ་འཁྲིམས་དང་ཕྱག་རྒྱ་ཆེན་གཅིག་པའི་གནད་ཀྱིས་ཐུབ་པའི་གསུང་རབས་ཐམས་ཅད་ཀྱང་དགོངས་པ་གཅིག་ཏུ་འདུས་ཏེ། ཞེས་སོགས་གསུངས་སོ། །༈ རྡོ་རྗེའི་གསུང་༡༨། གདམས་ངག་ལྟར་མི་འོང་བཀའ་ལྟར་འོང་། བྱ་བ་སླར་ཡང་ནན་ཏན་ཏེ། སྐྱོན་སྤོང་ཡོན་ཏན་སྒྲུབ་པ་ཐམས་ཅད་གདམས་ངག་ལྟར་མི་འོང་ཞིང་བཀའ་ལྟར་འོང་བ་ནི་རྒྱལ་བ་སྟོབས་བཅུའི་དབང་ཕྱུག་གི་གསུང་ལས་སྐྱེས་པའི་ཕྱིར་རོ། །༈། རྡོ་རྗེའི་གསུང་༡༩པ། སྐྱོན་མེད་ཏིང་འཛིན་ཁམས་གསུམ་འཁོར་བའི་རྒྱུ། བྱ་བ་ནི་བདེ་གསལ་མི་རྟོག་པ་ཇི་ཙམ་ཟབ་ཀྱང་གནས་ལུགས་རིག་པ་མེད་ཅིང་དེར་ཆགས་ན་བདེ་བས་འདོད་པར། གསལ་བས་གཟུགས། མི་རྟོག་པས་གཟུགས་མེད་ལས་ཐར་མི་སྲིད་པ་གསུངས། །
༢༦ ༡༢ ༡༢༈ དགོངས་གཅིག་གསང་སྔགས་གནད་བསྡུས་ཀྱི་འཚོམས་༢༨ལས་རྡོ་རྗེའི་གསུང་༢༠པ། སྐུ་གསུམ་རེ་རེ་ཡང་གསུམ་ཀའི་བདག་ཉིད། བྱ་བ་ལ་ཞལ་སྔ་ནས། གང་ཟག་གཅིག་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམ་པར་དག་པ་དེའི་འཁོར་ལོ་ཐ་དད་ཇི་ལྟར་བྱེད་ཅེས་གསུངས་པ་གཅིག་པུས་གོ་ནུས། །གསང་འདུས་ཀྱི་རྒྱུད་ཀྱིས། ཁྱེད་ཀྱི་སྐུ་གསུང་ལྟ་བུ་གསུང་ཐུགས་ལྟ་བུ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་གསུངས་པའང་དེའི་རྒྱབ་རྟེན་དུ་གྱུར་སྙམ། །༈ རྡོ་རྗེའི་གསུང་༢༡པ། གསང་སྔགས་ལ་ཚུལ་འཁྲིམས་མེད་ཁ་མེད། བྱ་བ་ལ་འགྲེལ་པ་འདིར་ཀྱེ་རྡོར་དུས་འཁོར་རྡོ་རྗེ་རྩེ་མོ་རྣམ་སྣང་མངོན་བྱང་སོགས་ཀྱི་ལུང་གསུངས། དེ་བཞིན་དཔུང་བཟང་གིས་ཞུས་ལས། རྒྱལ་བ་ངས་གསུངས་སོ་སོར་ཐར་པ་ཡི། །ཚུལ་འཁྲིམས་རྣམ་དག་འདུལ་བའི་བསླབ་པ་ལ། །སྔགས་པ་ཁྱིམ་པས་རྟགས་དང་ཆོ་ག་སྤང་། །ལྷག་མ་རྣམས་ནི་ཉམས་སུ་བླང་བར་བྱ། །ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས། ཚུལ་འཁྲིམས་འཆལ་བས་ཐུབ་དབང་གིས། །སྔགས་འགྲུབ་པར་ནི་མ་གསུངས་ཏེ། །མྱ་ངན་འདས་གྲོང་འགྲོ་བ་ནི། །ཡུལ་དང་ཕྱོགས་ནི་མ་ཡིན་ནོ། །ཞེས་ལུང་དང་། རིགས་པ་ནི་བསླབ་གསུམ་མདོ་ལས་གསུངས་པ་བཞིན། གསང་སྔགས་ནི་ཏིང་ངེ་འཛིན་གྱིས་ཆེ་བ་ཡིན། ཏིང་ངེ་འཛིན་ནི་ཚུལ་འཁྲིམས་ལ་བརྟེན་པའོ། །༈ རྡོ་རྗེའི་གསུང་༢༢པ། འདོད་པས་བར་དུ་གཅོད་པ་གསུངས་པའི་སྟེང་དུ་གཅིག བྱ་བ་ནི་སླར་ཡང་གསལ་བར་བྱེད་དེ་འདིར་ཞལ་སྔ་ནས། ཀྱེ་རྡོར། ཡུམ། ཟླ་བའི་སྒྲོན་མེ། སྡུད་པ། ལུང་བཞི་སོགས་ཀྱི་ལུང་གནང་ནས། དེ་ལྟར་སྔགས་མཚན་ཉིད་འདུལ་བ་ཐམས་ཅད་དུ་འདོད་པས་ཡོན་ཏན་གོང་མའི་གེགས་དང་བར་ཆད་དུ་གྱུར་པར་གསུངས་པས། སྔགས་མཚན་ཉིད་འདུལ་བ་ཐམས་ཅད་དུ་འདོད་ཡོན་སྤྱོད་པའི་སྟེང་དུ་མི་གཅིག་ལ། འདོད་པས་བར་དུ་གཅོད་པའི་སྟེང་དུ་གཅིག་པ་ཡིན་ཏེ། ཞེས་གསུངས། །ལོ་རྒྱུས་ཀྱི་དབང་དུ་ན་རྒྱལ་པོ་ཨིདྲ་བྷུ་ཏི་ལྕམ་དྲལ་ཆགས་སེམས་སྐྱེས་སྐབས་སློབ་དཔོན་ཛཱ་ལན་དྷ་རས་བཀའ་བཀྱོན་པ་དང་། ཆགས་སེམས་མེད་ན་མཚན་ཉིད་སྐབས་སུ་འང་ཆོས་འཕགས་དགེ་སློང་གི་རྟེན་ཅན་བུད་མེད་དཔག་ཏུ་མེད་པས་མཆོད་པ་དང་། འདུལ་བར་ཡང་མ་གྷ་དྷ་བཟང་མོའི་མཆོད་པ་ལ་སྲས་སྒྲ་ཅན་འཛིན་འཁོར་ལོས་བསྒྱུར་བའི་རྒྱལ་པོར་སྤྲུལ་ནས་བྱོན་པ་སོགས་ཀྱིས་འགྲུབ་ནུས། །༈ རྡོ་རྗེའི་གསུང་༢༣པ། སྔགས་ཀྱི་མི་དགེ་བ་དགེ་བར་འགྱུར་བའི་གནས་མེད། བྱ་བའི་སྐབས་འདིར་གསུམ་མགོན་གྱི་དགོངས་བཞེད་གསལ་བར་བསྟན་འདུག་སྙམ། འདིར་གཞི་སྦྱོང་བའི་ལམ་དུ་བཞེས་པས་མི་དགེ་སྔགས་སྦྱོང་མ་ཐུབ་ན་བསྒྱུར་པའི་གནས་མེད་ཏེ། ས་བོན་བྲ་བོ་ལས་འབྲུ་མི་འབྱུང་བ་གཤིས་བབས་གནས་ལུགས་སོ། །འདིར་འགྲེལ་པར་ལེགས་པར་གཟིགས་དང་གཞི་བསྒྱུར་བ་དང། གཞི་སྤོང་བ་དང་། གཞི་ཤེས་པའི་ལམ་རྣམས་བཀག་ལུགས་ཀྱི་གསུམ་མགོན་གྱི་ཐུགས་བསམ་བཞེད་ཕྱོགས་ལམ་ཙམ་ཤེས་ཐུབ་པས་འདིར་ཁ་ཅིག་དང་རང་ལུགས་ལ་ལེགས་པར་གཟིགས་ནས་རྟོག་དཔྱོད་གནང་འཚལ། །སྐབས་དོན་གཙོ་བོ་ནི་རྡོ་རྗེ་གསུང་༢༡གི་སྔགས་ལ་ཚུལ་འཁྲིམས་མེད་ཀ་མེད་བྱ་བ་སླར་སླར་ཡང་གསལ་དུ་བཏང་། །
༢༧ ༡༢ ༡༢༈ དགོངས་གཅིག་གསང་སྔགས་གནད་བསྡུས་ཀྱི་འཚོམས་༢༨ལས་རྡོ་རྗེའི་གསུང་༢༤པ། འདུལ་བར་དགེ་བར་གསུངས་པ་དེ་སྔགས་སུའང་དགེ་ལ། མི་དགེ་བ་དེ་མི་དགེ་བར་འགྱུར། བྱ་བ་ལ་འགྲལ་པ་དྲི་མེད་འོད་ལས། ལས་དང་པོ་པས་རྣལ་འབྱོར་པའི་སྤྱོད་པ་མི་བྱ། རྣལ་འབྱོར་པས་གྲུབ་ཐོབ་ཀྱི་སྤྱོད་པ་མི་བྱ། གྲུབ་ཐོབ་པས་ཐམས་ཅད་མཁྱེན་པའི་སྤྱོད་པ་མི་བྱ། ཞེས་གསུངས་པས། མདོར་ན་ཉོན་མོངས་དུག་གསུམ་དང་འབྲེལ་བའི་སྒོ་གསུམ་གྱི་ལས་མི་དགེ་བ་དེ་དག་སྔགས་སུའང་མི་དགེ་བ་ཡིན་ལ། རྒྱུ་དུག་གསུམ་མེད་པ་ལས་བྱུང་བའི་སྒོ་གསུམ་གྱི་ལས་རྣམས་འདུལ་བར་ཡང་དགེ་ལ་སྔགས་སུའང་དགེ་གསུངས། །༈ རྡོ་རྗེའི་གསུང་༢༥པ། དུག་གསུམ་དག་པའི་འབྲས་བུ་བདེ་བར་གཤེགས་པ། བྱ་བའི་སྐབས་འདིར་ཉོན་མོངས་པ་ནི་སངས་རྒྱས་གདུང་ཞེས་པ་ནི་ཉོན་མོངས་དག་པའི་འབྲས་བུ་ལ་སངས་རྒྱས་སུ་གསུངས་ཏེ། རྒྱུད་ལས། ཉོན་མོངས་གཏི་མུག་རྣམ་དག་པས། །རྣམ་པར་སྣང་མཛད་ཉིད་དུ་བསྒོམས། །ཞེས་སོགས་ལས་དྲངས་ནས་རྒྱུ་འབྲས་རིགས་མི་འདོར་བ་ལ་དགོངས་པ་ཡིན་པས་ཉོན་མོངས་ནི་སྦྱོང་བ་མ་གཏོགས་མེད་གསུངས། །གསུམ་མགོན་པས། དགྲ་གཉེན་དུ་ཆོད་པའི་དཔའ་བོ་དང་། །གཉེན་སྟོང་པར་རྟོགས་པའི་མཁའགྲོ་གཉིས། །སེམས་འགྱུར་བ་མེད་པའི་རྣལ་འབྱོར་ལ། །དུས་རྒྱུན་ཆད་མེད་པར་སྒོ་རོ་རོ། །ཞེས་དང་། རང་ལ་སྐྱེས་པའི་ཉོན་མོངས་འདི། །ཇི་ཙམ་རང་གིས་ཐུལ་བའི་ཚེ། །བྲལ་དང་རྣམ་སྨིན་ཡོན་ཏན་ལྔ་། །དཔའ་བོ་མཁའགྲོ་རྟག་པར་ངེས། །ཞེས་སོ། །༈ རྡོ་རྗེའི་གསུང་༢༦པ། སྔགས་ཀྱི་མཐུ་བསྟན་པ་ལས་མངོན་སྤྱོད་གནང་བ་མེད། བྱ་བ་ནི་བསད་པ་གསོ་ནུས་དང་གནས་སྤར་ནུས་པ་སློབ་དཔོན་པདྨ་ལྟ་བུ་ལ་གནང་བ་ལས་དུ་ཡེ་བཀག་ཡིན་ཏེ། ཀ་རི་ཀ་ལས། སྨན་དང་སྔགས་དང་རིག་པ་དང་། །འཆི་བའི་ཕྱོགས་སུ་གང་བཏང་བ། །དེ་བཏང་བསྡོམ་པ་ཞིག་པར་གྱུར། །ཞེས་གསུངས་ཞིང་ལོ་རྒྱུས་ལྟ་བུར་ཞལ་སྔ་ནས། གཤིན་རྗེ་གཤེད་ལ་བརྟན་པ་ཐོབ་པའི་རྣལ་འབྱོར་བྲམ་ཟེ་ཙ་ནག་ལྟ་བུ་མངོན་སྤྱོད་ཀྱི་ལས་ཀྱིས་ཕྱི་མར་ཡི་དམ་གྱི་གཟུགས་སུ་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་ན། པེ་ཧར་དང་གཙང་བཙན་ལ་སོགས་པ་འཇིག་རྟེན་པའི་ལྷ་འདྲེ་རྣམས་ཀྱི་སྒོ་ནས་མཐུ་བྱེད་པ་དེ་དག་གནས་ངན་པར་སྐྱེ་བར་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས། །མདོར་ན་དྲག་པོ་མངོན་སྤྱོད་ཀྱི་ལས་ནི་སྡིག་པ་ཤིན་ཏུ་ཆེ་བས་བདག་ཅག་རྣམས་ཀྱིས་ཉམས་སུ་བླང་བྱ་མ་ཡིན་པས་ཅི་ལ་ཐུག་ཀྱང་འདི་མི་བྱ་གསུངས། །
༡༢ ༡༢༈ དགོངས་གཅིག་གསང་སྔགས་གནད་བསྡུས་ཀྱི་འཚོམས་༢༨ལས་རྡོ་རྗེའི་གསུང་༢པ། རྡོ་རྗེ་དམྱལ་བ་ནི་མནར་མེད་པ་ཉིད། བྱ་བ་ནི་མཚན་ཉིད་ཐེག་པའི་སྐབས་གསུངས་པའི་མནར་མེད་ལས་ལོགས་སུ་མེད་པར་གསུངས། །སྔགས་སུ་ཐ་ན་ངན་ཐ་ཆད་དམྱལ་བ་ལ་ཡང་བདེ་སྟོང་ཡེ་ཤེས་ཀྱི་རྡོ་རྗེའི་སྒྲས་བསྟན་པ་དགོས་པ་རྒྱུ་མཚན་ཆེན་པོ་འདུག་སྙམ། །༈ རྡོ་རྗེའི་གསུང་༢པ། རྡོ་རྗེ་སློབ་དཔོན་རྒྱུད་ཚོད་མཐོ་ན་དེ་ཉིད་ཀྱིས་འདྲེན། བྱ་བ་ནི་དན་འཕགས་ཀྱིས་ཐར་པ་ནག་པོ་འདྲེན་པ་དང་། བྱང་སེམས་ཉི་མའི་སྙིང་པོ་རྟ་ཅང་ཤེས་སུ་བྱས་ནས་རང་གི་འཁོར་དམ་ཉམས་པ་ལྔ་བརྒྱ་དུད་འགྲོེ་སྐྱེས་པ་འདྲེན་པ་དང་། བཅོམ་ལྡན་འདས་ཀྱི་ལེགས་སྐར་འདྲེན་པ་སོགས་ལྟ་བུ་གསུངས། །སློབ་བུར་དེ་ལྟར་སྐལ་བཟང་བྱུང་བ་ནི། སློབ་བུ་དམ་ཚིག་ཉམས་པ་ལས་བྱུང་བ་མ་ཡིན་ཏེ་དེས་ངན་སོང་དུ་ལྷུང་བའི་ཕྱིར། དེ་ནི་སྔར་ཆོས་ཟབ་མོ་དང་འབྲེལ་བའི་རྒྱུ་ལས་བྱུང་བར་གསུངས་པས་གོང་དུ་བྱང་སེམས་གནད་བསྡུས་རྡོ་རྗེའི་གསུང་༡༠དགེ་དང་མི་དགེའི་འབྲས་བུ་སོ་སོར་འབྱུང་གསུངས་པ་སོགས་ཀྱི་འགལ་སྤོང་ཡང་གནང་། །གསང་སྔགས་གནད་བསྡུས་ཀྱི་ཚོམས་༢༨ཀྱི་ཟིན་བྲིས་སོ། །

Friday, 21 December 2012

15-21/12/12.དགོངས་གཅིག་ཟིན་བྲིས། gongchig note घोड चीग चारचा

པཎ་གྲུབ་གཉིས་ཚོགས་ན་རོ་པ་ལ་ཕྱག་འཚལ་ལོ།

༈ ༡༥ ༡༢ ༡༢ དགོངས་གཅིག་བྱད་སེམས་གནད་བསྡུས་ཀྱི་འཚོམས་༢༤ལས་རྡོ་རྗེའི་གསུང་༡པོ། སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་ཐ་དད་ཡིན། བྱ་བ་ནི་དུས་རྒྱུན་བཞིན་ལྷག་བས་འདྲེན་ནུས་ཀྱི་སྙིང་རྗེ་ཆེན་པོ་ནི་བྱང་སེམས་ཀྱི་རྒྱུ་ཡིན་པས་གཅིག་ཏུ་ག་ལ་འགྱུར། །འོན་ཏེ་སྐབས་རེ་སྟོང་ཉིད་སྙིང་རྗེ་ལྟ་བུ་བྱང་སེམས་ལ་ལྟ་བུ་ཕྱེ་སྟེ་ཤེས་དགོས་འཇིག་རྟེན་གསུམ་མགོན་ཀྱིས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྟོང་ཉིད་སྙིང་རྗེ་ཞེས་བྱ་བ། །བྱང་ཆུབ་སེམས་གཉིས་འདྲེས་པ་ཡིན། །ཞེས་སོ། །༈ རྡོ་རྗེའི་གསུང་༢པ། བྱང་ཆུབ་སེམས་དཔའི་༼དཔའ་༽ཚུལ་འཁྲིམས་ཀྱི་བསྡོམ་པའི་རྟེན་ཅན། བྱ་བ་ལ་ཞལ་སྔ་ནས། སོ་སོར་ཐར་པའི་སྡོམ་པ་ནི། བྱང་ཆུབ་སེམས་དཔའི་སྡོམ་པ་མ་སྐྱེས་པ་སྐྱེ་བའི་རྟེན་དང་། སྐྱེས་པ་གནས་པའི་རྟེན་དང་། གནས་པ་གོང་ནས་གོང་དུ་བོགས་འདོན་པ་སྟེ་མཐར་ཐུག་པའི་རྟེན་ཡང་ཡིན་གསུངས། །ཇོ་བོའི་ཞལ་ནས། སོ་སོར་ཐར་པ་རིགས་བདུན་ལས། །རྟག་ཏུ་སྡོམ་གཞན་ལྡན་པ་ལ། །བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །སྐལ་པ་ཡོད་ཀྱི་གཞན་དུ་མིན། །གསུངས་ལྟར་ཏེ། མི་མ་ཡིན་ལ་སོགས་པ་ལའང་སྣ་གཅིག་ལ་སོགས་ཀྱི་དགེ་བསྙེན་ཡོད་པས་འགལ་བ་ཚུལ་གསུངས། །༈ རྡོ་རྗེའི་གསུང་༣པ། སོ་སོ་སྐྱེ་བོ་ལ་ཡང་འཇུག་པ་སྐྱེ་བ་ཡིན། བྱ་བ་ནི་དུས་རྒྱུན་དང་མཚུངས། །འདིར་འདི་བྱུང་སྟེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཇི་སྙེད་པ་ཐམས་ཅད་བྱང་ཆུབ་སེམས་དཔའི་སྡེ་སྣོད་དུ་འདུས། སྡེ་སྣོད་དེ་ཐམས་ཅད་འཕགས་པ་ཐོགས་མེད་ཀྱི་བྱང་སར་འདུས། བྱང་ས་ཙནྡྲ་གོ་མིའི་སྡོམ་པ་ཉི་ཤུ་པར་འདུས། ། གསུངས་པས་དཔེ་ཆ་ལྟ་ལྟངས་ལ་ཁྱད་འདུག་གོ །དུས་རྒྱུ་ང་ཚོས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ནི་མདོ་ཕལ་ཆེན། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མ་མོ་ནི་བྱང་ས་ཞེས་བརྩི་སྲོལ་ཡོད། །
༈ ༡༦ ༡༢ ༡༢ དགོངས་གཅིག་བྱད་སེམས་གནད་བསྡུས་ཀྱི་འཚོམས་༢༤ལས་རྡོ་རྗེའི་གསུང་༤པ། ཅི་རིགས་ཀྱིས་ཀྱང་ཚུལ་འཁྲིམས་བསྡོམ་པར་འགྱུར། བྱ་བ་ལ་ཞལ་སྔ་ནས། སྡོམ་པ་གསུམ་པོ་མཐའ་དག་རྫོགས་པར་བྱེད་པ་ནི་ས་བཅུའི་སེམས་དཔས་ཀྱང་མི་ནུས་པས་སངས་རྒྱས་ཉག་གཅིག་གིས་སྤྱོད་ཡུལ་ཡིན། །ཞེས་གསུངས། །དེ་ལྟར་ན་དེ་བཞིན་གཤེགས་པའི་སྐུ་མཐོང་བ་ན་ཐལ་མོ་སྦྱོར་བ་ཙམ་དེ་ཡང་དགེ་བ་ཡིན་པས་དེ་དགེ་བ་ཆོས་བསྡུད་ཚུལ་འཁྲིམས། དེ་ལས་གཞན་པའི་མི་དགེ་བ་བསྡམས་ནས་དེ་ཉིད་བརྩོན་པར་བྱེད་པ་བསྡོམ་པའི་ཚུལ་འཁྲིམས། དེ་བདག་གཞན་བྱང་ཆུབ་ཐོབ་པའི་ཕྱིར་དུ་ཡིན་པས་སེམས་ཅན་དོན་བྱེད་ཚུལ་འཁྲིམས་སུ་འོང་བས་དགེ་བའི་ཆོས་སྣ་རེ་ལའང་ཚུལ་འཁྲིམས་གསུམ་ཀ་ཚང་བས་སྣ་རེའམ་ཟུང་རེ་ཙམ་གྱིས་ཀྱང་འཇུག་སྡོམ་དུ་གྱུར་པས་བདག་ཅག་རྣམས་ཀྱིས་སྣ་རེའམ་ཟུང་རེ་ཙམ་དེ་ནི་སྲོག་ལ་བབས་ཀྱང་བསྲུང་བར་བྱ། །དེའི་སྐབས་འཕགས་པ་ལམ་འབྱུང་གི་ལོ་རྒྱུས་གསུངས་ཏེ། ལམ་བྱུང་བྲམ་ཟེའི་རིགས་སུ་འཁྲུངས། འོན་ཏེ་ཤེས་རབ་ཤིན་ཏུ་བརྟུལ་བས་བྲམ་ཟེའི་རིགས་སུ་འཁྲུངས་ཀྱང་བྲམ་ཟེ་བྱེད་པ་ལ་རིག་བྱེད་ཀྱི་སྔགས་འགའ་ཞིག་བློ་ལ་ཟིན་དགོས་ཀྱང་ཁོང་གིས་གཞན་ཕར་ཞོག་སྔགས་ཚིག་བཅད་གཉིས་ཀྱང་བློར་ཟིན་ན་གོང་མ་སྦྱོང་ཚེ་འོག་བརྗེད་འོག་མ་སྦྱོང་ཚེ་གོང་མ་བརྗེད་ནས་ཚིག་གཉིས་ཀྱང་ཟིན་མ་ཐུབ་ནས་བྲམ་ཟེའི་ནང་ནས་ཕྱིར་བསྐྲད་དོ། །དེས་ནས་ཁོང་ཤིན་ཏུ་སྡུག་བསྔལ་ནས་ལམ་དུ་འཁྱམས་བཞིན་པའི་ཚེ་བཅོམ་ལྡན་འདས་མཇལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱོད་ངའི་རྗེས་སུ་འབྲང་ངམ་གསུངས་པས་ཁོ་ཤིན་ཏུ་དགའ་ནས་ཕྱིེས་བཞིན་འབྲངས་ཏེ་རྒྱལ་པོའི་ཁབ་མགོན་མེད་ཟས་བྱིན་གྱི་ཀུན་དགའ་ར་བར་ཕྱག་བརྡར་བསྐུལ་ཞིང་བསོད་སྙོམས་ལྷག་མ་གནང་བས་ཁོ་ཤིན་ཏུ་དགའ་ནས་ལས་ཚུལ་བཞིན་བྱེད་དེ་གནས་སྐབས་ནམ་ཞིག་གཅིག་ན་བཅོམ་ལྡན་འདས་ཀྱིས་ཁོའི་སྒྲིབ་པ་ཅུང་དག་པ་མཁྱེན་ནས་ལམ་བྱུང་ཁྱོད་ཕྱག་བབརྡར་བྱེད་བཞིན་ལ་རྡུལ་སྤངས་དྲི་མ་སྤངས་ཞེས་པའི་ཚིག་བཅད་གཅིག་པོ་དེ་སྦྱོང་ནུས་སམ་གསུངས་པས། ནུས་ལགས་སོ་ཞུས་ནས་ཡང་དུས་རིང་པོར་ཕྱག་བརྡར་བྱེད་བཞིན་ལ་ཚིག་བཅད་དེ་སྐྱོར་སྦྱངས་བྱས། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་མཁྱེན་ནས་ལམ་བྱུང་ཞེས་འབོད་ནས། ཚིག་བཅད་བཞི་སྟེ། རྡུལ་ནི་ས་རྡུལ་མ་ཡིན་ཉོན་མོངས་རྡུལ། །ས་རྡུལ་ཕྱགས་པས་ཉོན་མོངས་སྒྲིབ་དག་ཤོག །ཅེས་ཞེ་སྡང་དང་འདོད་ཆགས་དང་གཏི་མུག་ལ་སྦྱར་བའི་ཚིག་བཅད་སླབ་པས་སླར་ཡང་ཕྱག་བརྡར་བྱེད་བཞིན་ཡུན་རིང་སྐྱོར་སྦྱང་བྱས་། །དེ་ནས་ནམ་ཞིག་ན་བཅོམ་ལྡན་འདས་ཀྱིས་འཕགས་པ་ལམ་བྱུང་སྒྲིབ་པ་དག་པ་མཁྱེན་ནས་ལོ་དེའི་དབྱར་གནས་ལ་དགེ་སློང་མའི་ཆོས་བཤད་ལ་འཕགས་པ་ལམ་བྱུང་གཏོང་གི་ཡིན་གསུངས་པས་ཡོངས་གྲགས་ལ་ཁོང་ཤེས་རབ་ཤིན་ཏུ་བརྟུལ་ཞིང་སྐྱེ་བོ་ཐ་ཆད་ཞིག་ཏུ་འཛིན་པས་དགེ་སློང་མ་འགའ་རེས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་ལ་མཐོང་ཆུང་གནང་སོང་ཞེས་ཡ་ག་སྒྲོགས་ཀྱང་འཕགས་པ་ལམ་བྱུང་གི་གོང་གི་ཤོལྐོ་གཅིག་པུ་དེ་ལ་ཟླ་བ་གསུམ་གྱི་རིང་ཆོས་གསུངས་པས་ཐམས་ཅད་ངོ་མཚར་ཆེར་སྐྱས་ནས་ཤིན་ཏུ་དད་པར་གྱུར་རོ། །འོན་ཏེ་དགེ་བ་ལ་ཆོག་ཤེས་ནི་མི་འོས་པ་མཁན་པོས་གསུངས། །༈ རྡོ་རྗེའི་གསུང་༥པ། ཉོན་མོངས་ཅན་མ་ཡིན་པའི་ལྟུང་བ་མེད། བྱ་བ་ནི་ཁ་ཅིག་དུག་གསུམ་གྱི་མ་བསླང་བར་ལེ་ལོ་སྙོམས་ལས་དྲན་པ་ཉམས་པ་བརྗེད་ངེས་གཉིད་ལ་སོགས་པས་དཀོན་མཆོག་མཆོད་པ་བཅག་པ་ལ་སོགས་ནི་ཉོན་མོངས་ཅན་མ་ཡིན་པའི་ལྟུང་བ་ཡིན་ཟེར་བ་ལ། དེ་ནི་རྣམ་པ་ཐམས་ཅད་དུ་མེད་གསུངས། །མཁའགྲོ་བསྡོམ་པའི་རྒྱུད་ལས། མི་ཤེས་པ་དང་བག་མེད་དང་། །མ་གུས་པ་དང་ཉོན་མོངས་པ། །བརྗེད་ངེས་དྲན་པ་མ་གསལ་བ། །འདི་དྲུག་དམ་ཚིག་ཉམས་པའི་རྒྱུ། །ཞེས་གསུངས་པའི་མཚོན་ནོ། ། ༈ རྡོ་རྗེའི་གསུང་༦པ། ཉེས་པར་མི་འགྱུར་བའི་མི་དགེ་བ་དེ་གནང་བ་མེད། བྱ་བ་ནི་ཤིན་ཏུ་ཟབ་སྟེ་འདིར་ཞལ་སྔ་ནས། རྒྱུ་འབྲས་རྟེན་འབྲེལ་འདིའི་གཤིས་དང་བབས་ཀྱིས་༼མི་ནག་མདུང་མཐུང་གྱི་ལོ་རྒྱུས་ལྟ་བུ་༽དེ་ལྟ་བུ་རྣམས་ཉེས་པར་མི་འགྱུར་བས་༼དེད་དཔོན་སྙིང་རྗེ་ཅན་ལ་ཉེས་པ་མི་འགྱུར་བའི་ཆ་ནས་༽གནང་བ་མ་ཡིན། །༼འོན་ཏེ་དམྱལ་བའི་སྡུག་བསྔལ་བཟོད་པར་ནུས་པའི་ཆ་ནས་གནང་བ་ཡིན་ཏེ།༽བྱང་ཆུབ་སེམས་དཔའ་རྣམས་བདག་ཡལ་བར་དོར་ནས་གཞན་དོན་ལ་བརྩོན་པས་ལས་དེའི་འབྲས་བུ་ཉམས་པར་མི་ནུས་ཤིང་བཟོད་པར་ནུས་པའི་ངོས་ནས་གནང་ཞེས་གསུངས་པ་ཡིན། །དེ་ལ་དཔེ་གཏམ་རྒྱུད་དང་སྦྱར་ན་གོ་སླ་སྟེ། དེད་དཔོན་སྙིང་རྗེ་ཆེན་པོས་ཚོང་དཔོན་ལྔ་བརྒྱས་སྲོག་སྐྱབ་དང་མི་ནག་མདུང་ཐུང་དམྱལ་བ་ལས་སྐྱབས་པས་བསྐལ་པ་དགུ་ཁྲིའི་ཚོགས་གདུམ་པ་དང་། ལྡོག་ཆ་སྲོག་བཅད་པའི་ཉེས་པ་ནས་ལོ་སྟོང་ཕྲག་མང་པོར་སེམས་ཅན་དམྱལ་བའི་སྡུག་བསྔལ་མྱོང་ནས་སངས་རྒྱས་པའི་དུས་ནའང་ལས་ཀྱི་ལྷག་མས་ཞབས་ལ་སེང་ལྡེང་གི་འཚལ་བུ་ཟུག་པར་གསུངས་པས་འབྲས་བུ་འབྱུང་གསུངས་སོ། །དེས་ན་ལས་དཀར་པོ་བཟང་ཡག་བྱུང་ན་རབ་དང་དེ་མིན་གཞན་དོན་ཆེད་དུ་མི་དགེ་སྤྱོད་དགོས་ན་ཡང་ལས་ཀྱི་འབྲས་བུ་མེད་པ་མ་ཡིན་ཞིང་ཡོད་ཀྱང་བཟོད་ཐུབ་པའི་དཔའ་གདེངས་དགོས་སོ། །
༈ ༡༧ ༡༢ ༡༢ དགོངས་གཅིག་བྱད་སེམས་གནད་བསྡུས་ཀྱི་འཚོམས་༢༤ལས་རྡོ་རྗེའི་གསུང་༧པ། ཐབས་མཁས་པ་ལ་མི་དགེ་བ་ཡོད་ན་དེའི་འབྲས་བུ་འབྱུང་། བྱ་བ་ཡང་གོང་གིས་ཟླས་དྲངས་སྙམ་སྟེ། འདིར་ཞལ་སྔ་ནས། བྱང་ཆུབ་སེམས་དཔའི་ ཐབས་མཁས་པ་ལ་མི་དགེ་བ་ཡོད་མི་སྲིད། གལ་ཏེ་ཡོད་ན་དེའི་འབྲས་བུ་འབྱུང་གསུངས། །སྐབས་འདིར་དེད་དཔོན་སྙིང་རྗེ་ཅན་ལ་ཞེ་སྡང་མེད་ན་མདུང་རྡེག་མི་ཕོད། དེས་ན་དུས་ཀྱི་ཀུན་སློང་ལ་ཞེ་སྡང་ཡོད་གསུངས། །དེ་བཞིན་བྲམ་ཟེ་ཁྱེའུ་བླ་མས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ལ་བསམས་ནས་དེ་བཞིན་གཤེགས་པ་འོད་སྲུང་ལ་དགེ་སྦྱོང་མགོ་རེག་ལ་བྱང་ཆུབ་ག་ལ་ཡོད་སྨྲས་པས་དེ་ལ་ཡང་འབྲས་བུ་༼ལོ་དྲུག་བཀའ་སྤྱད་༽བྱུང་གསུངས། །༈ རྡོ་རྗེའི་གསུང་༨པ། རང་གཞན་བརྗེས་པས་ཉེས་པར་འགྱུར་བའི་སྐབས་ཡོད། བྱ་བ་ལག་ལེན་དངོས་ལ་གསུངས་པ་འདྲ་སྟེ་འདིར་ཞལ་སྔ་ནས། ལམ་ཚོགས་སྦྱོར་གཉིས་ལ་བསམ་པ་རྒྱ་ཆེན་པོ་བསྐྱེད་ནས་སྦྱོར་བ་སེམས་ཅན་གྱི་དོན་འགྲུབ་༼སྒྲུབ་༽ཆེད་༼དགེ་བའི་བྱ་བ་༽ལྕོགས་ཚད་བྱས་ཀྱང་། ལས་རྔམ་པོ་ཆེ་ལ་འཇུག་མི་ནུས་ཏེ་དཔེར་ན། མྱུ་གུ་ལ་མ་ཟོས་སྲུབས་༼འབྲུ་ཤུན་པ་མ་བཤུས་ནས་ལྗང་གུར་གནས་པའི་ཚེ་སུབས་ཞེས་བརྗོད་གསུངས་དེའི་ཐུག་པ་སུབས་ཐུག་ཅེས་པ་ཞིམ་མངར་འཛོམ་པའང་ཡོད་གསུངས་༽སུ་ཟོས་ན་༼ཕན་ཐོགས་༽འབྱུང་ཆེ་བ་དང་འདྲ་བས་ཕལ་ཆེར་རང་གཅེས་པའི་དུས་ཡིན། མཐོང་ལམ་ནས་བཟུང་སྟེ་ས་བདུན་མན་ཆད་དུ་བསམ་སྦྱོར་གཉིས་ཀ་ནར་སོན་པས་སྤྱོད་པ་ལ་འཇུག་པ་ཡིན་ཀྱང་། རྟུལ་ཞུགས་འབྲིང་ཡིན་པས་སྲུབས་སུ་མ་ཟོས་ནས་༼འབྲུ་༽སུ་ཟོས་ན་འབྱུང་ཆེ་བ་དང་འདྲ་བས་རང་གཞན་མཉམ་པའི་དུས་ཡིན། ས་བརྒྱད་པ་ནས་བཟུང་སྟེ་ས་བཅུ་པ་ཚུན་ཆད་དུ་བསམ་སྦྱོར་གཉིས་ཀ་སྟོབས་ཆེ་བས་གཞན་དོན་རྒྱ་ཆེན་པོ་ཡང་འགྲུབ། སྤྱོད་པ་རླབས་པོ་ཆེ་ལ་ཡང་འཇུག་ནུས། བརྟུལ་ཞུགས་ཀྱང་རབ་ཏུ་གྱུར། སྡུག་བསྔལ་བཟོད་པའི་སྟོབས་ཀྱང་བརྙེས། གཏོང་བ་ཆེན་པོ་ལ་འཇུག་པའི་དུས་ཀྱང་ཡིན། སངས་རྒྱས་ཀྱི་ཞིང་བཀོད་པ་ཡང་སྒྲུབ་ནམཁའ་མཛོད་ཀྱི་ཏིང་ངེ་འཛིན་ཡང་ཐོབ་པས་ས་ཆོད་དེ་རང་བས་གཞན་གཅེས་པའི་དུས་ཡིན་ཏེ། །ཞེས་གསུངས་པ་ལྟ་བུས་མཚོན་ནུས། །དེས་ན་གཏོང་ལེན་བསམ་པས་སྦྱང་བ་ལ་ཉེས་པ་མེད་པར་མངོན་སྙམ། །འོན་ཀྱང་འོག་ཏུ་ཕག་གྲུའི་ལུང་ལ་བརྟེན་ནས་གཏོང་ལེན་བྱས་ནས་གཞན་གྱི་སྡུག་བསྔལ་རྣམ་པ་ཐམས་ཅད་རང་ལ་མ་སྨིན་པར་རང་སྡུག་ཁོ་ནར་ཟད་དགོངས་ན་བརྟག་དགོས་སོ། །སྐབས་འདིའི་ལམ་དུ་གཏོང་ཚུལ་ནི་བསམ་པའི་སྦྱོང་སྐབས་གོ་སྐབས་བཟུང་ནས་བོགས་འདོན་དུ་བྱུང་བས་འགལ་བ་མེད་དོ། །འོན་ཀྱང་གཏོང་ལེན་སྐབས་སྡུག་བསྔལ་ནད་དང་སེམས་གསོ་ཤི་ནས་སེམས་ཆུང་ནད་ལྟ་བུ་འགའ་ཞིག་ལ་བྱུང་བ་ནི་ཤེས་རབ་ཀྱི་ཐབས་མཁས་དང་བསོད་ནམས་ཀྱི་བསགས་རྒྱབ། དགེ་བའི་བཤེས་གཉེན་གྱིས་མ་ཟིན་པའི་ལན་ཏེ་གསང་བའི་གདམ་པ་སྤྱད་པར་བྱ། །གསུངས་པ་ལྟར་ལམ་འདིའི་གནད་གསང་ཤེས་དགོས་སྙམ་སྟེ་སྔར་བཀའ་གདམས་བླ་མ་རྣམས་གསང་བར་ཉམས་བཞེས་གནང་གི་ཡོད་པ་ལོ་རྒྱུས་ལ་གནད་བཙལ་ན་ཤེས། ། ༈རྡོ་རྗེའི་གསུང་༩པ། བྱང་ཆུབ་སེམས་དཔའ་ལ་གནོད་པ་བྱས་པས་བདེ་བར་འབྲེལ་མི་སྲིད། བྱ་བ་ནི་བྱང་སེམས་ལ་ངན་འབྲེལ་བྱུང་བ་དེས་ནམ་ཞིག་ན་འགྱོད་པས་བཤགས་པ་བྱས་ཚོགས་རྒྱ་ཆེར་མ་བསགས་ན་བདེ་བར་འབྲེལ་མི་སྲིད་བྱ་བའི་དོན་དུ་འདུགོ །འདི་གསུངས་པའི་དགོས་པ་ནི་དེ་ཚེ་དེའི་དུས་ལ་གང་ལ་གནོད་པ་བྱས་ཀྱང་བདེར་འབྲེལ་བ། །སོགས་ཀྱི་ལུང་མང་པོ་ཞིག་ལ་འཁྲུལ་གཞི་བྱས་ནས་བྱང་སེམས་དང་བཟང་འབྲེལ་ངན་འབྲེལ་གང་བྱས་ཀྱང་བདེ་བར་འབྲེལ་བའི་ལོག་རྟོགས་ཆེན་པོ་བྱུང་བ་འགག་པའི་ཆེད་དུ་འོ། །
༈ ༡༨ ༡༢ ༡༢ དགོངས་གཅིག་བྱད་སེམས་གནད་བསྡུས་ཀྱི་འཚོམས་༢༤ལས་རྡོ་རྗེའི་གསུང་༡༠པ། དགེ་མི་དགེ་འབྲས་བུ་ངེས་པར་སོ་སོར་འབྱུང་། བྱ་བ་ནི་༈ རྡོ་རྗེའི་གསུང་༡༡པ། ནག་ཆོས་བཞིས་ཚེ་རབས་གཞན་དུ་སེམས་བསྐྱེད་བརྗེད་སྲིད་པ་ལས་འཆོར་བ་ནམ་ཡང་མི་སྲིད་ཅེས་ཚོམ་པོ་ཆེ་དྲི་མ་མེད་པའི་ལོ་རྒྱུས་དང་བཅས་གསུངས། །འོ་ན་སེམས་བསྐྱེད་ཕྱིན་ཆད་འཆོར་མི་སྲིད་སྙམ་ན། འཆོར་བའི་རྒྱུ་གཅིག་བུ་ནི་ལོག་ལྟ་ཡིན། བྱང་ཆུབ་ཀྱི་སེམས་ནི་ཕ་ལམ་དང་འདྲ་སྟེ་ལོག་ལྟ་ལུག་རྭ་ཡིས་མ་གཏོགས་གཞན་གང་གིས་འཆོར་མི་སྲིད་པ་གསུངས་པས་དེ་ལ་འཇུག་ཏུ་ཡོད་པ་ནི་ཨེ་མ་ཤིན་ཏུ་བསྐལ་པ་བཟངས་སོ། །དེའི་རྗེས་མི་འཆོར་བའི་རྒྱུ་མཚན་བཞི་གསུངས་པ་ཚིག་བསྡུ་ན། ༡དམིགས་པ་སངས་རྒྱས་ནི་བསམ་གྱིས་མི་ཁྱབ་པས་དགེ་རྩ་ཆུང་ངུ་ཡིན་ཡང་མཐར་ཕྱིན་པ་དང་། ༢བར་མ་དོར་ཆུད་ཟོས་མི་འགྱུར་པ་དང་། ༣སེམས་ཅན་ཐམས་ཅད་ཀྱི་རྒྱུད་བདེ་གཤེགས་སྙིང་པོ་གདོད་ནས་རྟག་པའི་ངོ་བོར་གནས་པ་དང་། ༤འཇུག་སྡོམ་གྱི་བསླབ་བྱ་ཕྲ་མོ་དགེ་བའི་ལས་ཅི་རིགས་ཀྱང་འཇུག་སྡོམ་དུ་གྱུར་པས་མཐར་བྱང་ཆུབ་ཏུ་གཞོལ་བའི་གནད་དེ་བཞི་པོས་བྱང་ཆུབ་ཀྱི་སེམས་འཆོར་མི་སྲིད་དོ། །༈ རྡོ་རྗེའི་གསུང་༡༢པ། སྒྲིབ་པ་༼ལས་སྒྲིབ་ཉོན་སྒྲིབ་ཤེས་སྒྲིབ་༽གསུམ་ཉོན་མོངས་པའི་སྒྲིབ་པ། བྱ་བ་ལ་རྩ་བ་ཉོན་མོངས་པ་ཆེས་རགས་སུ་སོང་ནས་སྒོ་གསུམ་གྱི་ཉེས་སྤྱོད་ཐོན་པ་ལས་ཀྱི་སྒྲིབ་པ། ཉེས་སྤྱོད་མ་ཐོན་པ་ཉོན་མོངས་ཙམ་དུ་ལུས་པ་ཉོན་མོངས་པའི་སྒྲིབ་པ། ཉོན་མོངས་མེད་ཀྱང་དེའི་བག་ཆགས་ལྒོག་དྲི་ལྟ་བུ་ལུས་པ་ཤེས་བྱའི་སྒྲིབ་པ་ཡིན་པས་ཆོས་པ་རྣམས་ཀྱི་གང་ལ་འཐབ་དགོས་པའི་དགྲ་བོའི་འབེན་དངོས་སུ་ངོས་ཟིན་པའོ། །༈ རྡོ་རྗེའི་གསུང་༡༣པ། ༼དོན་དམ་པའི་གནས་ལུགས་༽བདེན་པ་ནི་གྲུབ་མཐའ་ཇི་སྙེད་པས་སྒྲིབ། བྱ་བ་ནི། མགོན་པོ་ཀླུ་ཡིས། ལྟ་བ་ཐམས་ཅད་སྤང་པའི་ཕྱིར། །གསུངས་པ་དང་། ས་སྐྱས། འཛིན་པ་བྱུང་ན་ལྟ་བ་མིན། །གསུངས་པས་གནས་ལུགས་དོན་དམ་ཞིག་གྲུབ་མཐས་ཁས་བླང་དུ་གྱུར་ན་སྨྲ་བསམ་བརྗོད་མེད་དང་ཁས་ལེན་བྲལ་བ་ཞེས་སོགས་བརྗོད་དགོས་དོན་ག་ལ་ཡོད། །དེ་ནི་ལྐུགས་པས་བུ་རོ་ལྟར་རང་ཉིད་ཀྱིས་མྱོང་བས་ངེས་དགོས་པ་ལས་གྲུབ་མཐར་ཞེན་བློ་བཤིག་དགོས་པར་སྣང་། །ཏེ་ལོ་ང་ཡིས་ཅི་ཡང་བསྟན་དུ་མེད། །རང་གིས་རང་ལ་མཚོན་ནས་རྟོགས་པར་བྱོས། །ཞེས་པ་ལྟ་བུ་ལགས་སོ། །ཡང་དེ་ལས་ལྡོག་ནས་གྲུབ་མཐས་རང་གི་ངོ་གདོང་གི་སྒྲོ་སྐུར་བཅད་པས་གནས་ལུགས་ལ་སྦྱོར་བ་ནི་ངེས་པར་བྱས་ཏེ། གཞན་དུ་ན་གྲུབ་མཐའ་དགོས་མེད་སོགས་སུ་གྱུར་རོ། །
༈ ༡༩ ༡༢ ༡༢ དགོངས་གཅིག་བྱད་སེམས་གནད་བསྡུས་ཀྱི་འཚོམས་༢༤ལས་རྡོ་རྗེའི་གསུང་༡༤པ། ཉན་ཐོས་ཀྱིས་ཀྱང་ཕྱོགས་གཅིག་བབས་ཀྱི་གནས་ལུགས་མཐོང་། བྱ་བ་ལ་ཇི་སྐད་དུ། ཉན་ཐོས་རྣམས་ཀྱི་ཆོས་དབྱིངས་དང་། །ང་ཡི་ཆོས་དབྱིངས་མཚུངས་པར་གཅིག །ཉན་ཐོས་རྣམས་ཀྱི་རྣམ་གྲོལ་དང་། །ང་ཡི་རྣམ་པར་གྲོལ་བའང་གཅིག །ཅེས་པས་གྲུབ་མཐར་བཟུང་བ་རྡུལ་ཕྲན་ཆ་མེད་དང་ཤེས་པ་སྐད་གཅིག་ཆ་མེད་བར་དུ་བཤིག་པ་གཅིག་ཅིང་དེ་ནས་དངོས་སྟོབས་ཀྱི་མྱོང་བས་ཆ་མེད་དེ་ཡང་བཤིག་ནས་བདེན་མེད་རྟོགས་པས་ཉོན་མོངས་སྤོང་དགོས་ཏེ་ཞི་སྒོར་གཉིས་པ་འོ། །༈ རྡོ་རྗེའི་གསུང་༡༥པ། ས་དྲུག་པ་མན་ཆད་ཉན་རང་གྱི་མངོན་རྟོགས་དང་ཐུན་མོངས་ཡིན། བྱ་བ་ལ་བྱང་སེམས་ས་དྲུག་པ་མན་ཆད་མཉམ་བཞག་ལ་བདེན་མེད་རྟོགས་པ་ལ་གཅིག་པར་མ་ཟད་རྗེས་ཐོབ་ཏུ་ཡང་ས་ལྔ་པར་བདེན་བཞི་ཕྲ་རགས་ལ་མཁས་པ་བཞིན་ཉན་ཐོས་ཀྱང་མཚུངས་པས་གཅིག །དྲུག་པར་རྟེན་འབྲེལ་ལུགས་འབྱུང་ལྡོག་ཕྲ་རགས་ལ་མཁས་པ་བཞིན་རང་རྒྱལ་ཀྱང་དེ་ལ་གཅིག་མཚུངས་སུ་མཁས་པར་གསུངས་པས། མདོར་ན་ས་དྲུག་པ་མན་ཆད་ཀྱིས་ཉན་རང་རྟོགས་པས་གཟིལ་གྱིས་གནོན་མི་ནུས་པར་གསུངས་ཤིང་འོན་ཏེ་རིགས་ཀྱི་སྒོ་ནས་ནི་བྱང་སེམས་ཚོགས་སྦྱོར་རྣམས་ཀྱིས་ཉན་རང་གཟིལ་གྱིས་ནོན་པར་གསུངས་སོ། །ལོ་རྒྱུས་ལ་བུ་མོ་མྱ་ངན་མེད་ཡོད། །དེས་འབྲེལ་ནས།༈ རྡོ་རྗེའི་གསུང་༡༦པ། སེམས་ཙམ་ནི་ས་བདུན་གྱི་མངོན་རྟོགས་རིང་དུ་སོང་། བྱ་བ་ནི་མཉམ་བཞག་ལ་ནི་ག་ལ་ཡིན་ཏེ་ས་དང་པོ་ནས་བདེན་མེད་མངོན་སུམ་དུ་རྟོགས་ཟིན་པའི་ཕྱིར། དེས་ན་རྗེས་ཐོབ་ཏུ་ཉན་རང་གིས་འཇུག་པར་དཀའ་བའི་མཉམ་བཞག་ལ་སྐད་ཅིག་གཅིག་ལའང་མཇུག་ལྡང་དུ་མ་བྱེད་ནུས་ཤིང་དངོས་པོ་གང་འདོད་སྒྱུར་ནུས་པའི་མཐུ་ཐོབ་པས་སེམས་ཅན་གྱི་དོན་ཐབས་མཁས་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པའི་རྒྱུ་ཡི་གཙོ་བོ་ནི་ཆོས་ཀུན་སེམས་ཙམ་དུ་མངོན་སུམ་མྱོང་སྟོབས་ཀྱི་མངོན་རྟོགས་འཁྲུངས་པ་ལ་བརྟེན་ནས་བྱུང་བར་གསུངས་པས་ཉན་རང་གྱི་མངོན་རྟོགས་ལས་རིང་དུ་སོང་ཞེས་གསུངས། །རྒྱབ་བརྟེན་ལུང་ནི་འགྲེལ་པར་གསལ། །དེས་དྲངས་ནས་༈ རྡོ་རྗེའི་གསུང་༡༧པ།  ཆོས་བདག་མེད་པ་ས་བརྒྱད་པ་ལ་མངོན་དུ་བྱས། བྱ་བ་ལ་འགྲེལ་པ་བྱེད་མ་ནུས། འོན་ཏེ་གོང་གི་བབ་ལས། སོ་སྐྱེས་ཚོགས་སྦྱོར་ལ་ཆ་མེད་ཀྱི་ལྟ་བ་མངོན་དུ་གྱུར། ས་དང་པོ་ནས་དྲུག་པའི་བར་གང་ཟག་གི་བདག་མེད། བདུན་པ་ལ་ཕྱེད་བདག་མེད་སེམས་ཙམ། ས་བརྒྱད་པར་ཆོས་ཀྱི་བདག་མེད་དངོས་སྟོབས་ཉམས་མྱོང་གི་མངོན་སུམ་དུ་གྲུབ་པར་གསུངས་པ་འདྲ། །དེ་ཐམས་ཅད་མཉམ་བཞག་ལ་མི་བརྩིས་རྗེས་ཐོབ་ལ་ད་ལྟ་ངེད་རང་ཚོ་ལ་གང་སྣང་བདེན་པ་ཨ་ཐས་མངོན་སུམ་དངོས་སྟོབས་ཉམས་མྱོང་གི་ཚུལ་དུ་སྣང་བ་བཞིན་བཞག་དགོས་པ་འདྲ་སྟེ་བསམ་ཚུལ་ཙམ་མོ། །ལུང་སོགས་ཀྱི་དགོངས་འགྲེལ་འགྲེལ་པར་གཟིགས། །
༈ ༢༠ ༡༢ ༡༢ དགོངས་གཅིག་བྱད་སེམས་གནད་བསྡུས་ཀྱི་འཚོམས་༢༤ལས་རྡོ་རྗེའི་གསུང་༡༨པ། ས་ལམ་ཐམས་ཅད་རྟོགས་པ་གཅིག་གིས་འགྲོད། བྱ་བའི་དོན་ནི། ཐེག་པ་ཐུན་མོང་གི་སྟོང་ཉིད་དང་། ཐུན་མིན་གྱི་ལྷན་སྐྱེས་ཡེ་ཤེས་ལ། གསལ་སྣང་ཅུང་ཟད་ཐོན་ནས་གོང་འཕེལ་འགྱུར་བ་ལ་ཚོགས་སྦྱོར་ཏེ་རྩེ་གཅིག །དེའི་ངོ་བོ་མངོན་སུམ་དུ་མཐོང་བ་ན་མཐོང་ལམ་སྟེ་སྤྲོས་བྲལ། །ལུས་དང་སྣང་བ་ཐམས་ཅད་དེ་འདོར་ན་ཕྱི་རོལ་གྱི་འཁོར་བའི་སྣང་བའང་ཆོས་ཉིད་དེ་ཉིད་དུ་ནུབ་འགོ་ཚུགས་པ་དག་ས་སྟེ་རོ་གཅིག །མཉམ་རྗེས་དང་ཡུལ་ཡུལ་ཅན་གཉིས་མེད་དུ་རྟོགས་འདྲེས་གྱུར་ནས་མཉམ་བཞག་ངང་དེ་ག་ནས་འགྲོ་དོན་ལྷུན་གྲུབ་ནི་སངས་རྒྱས་ས་སྟེ་བསྒོམ་མེད། །དེས་ན་འཇིག་རྟེན་མགོན་པོས། ཅི་ལྟར་སྨྱུག་ཚིགས་མང་པོ་ལ། །བཀས་པའི་ཚུལ་གྱིས་ཐམས་ཅད་ཀྱང་། །གས་པ་གཅིག་གིས་བཀས་པ་ལྟར། །དེ་བཞིན་ཡེ་ཤེས་གཅིག་ནས་གཅིག །ཅེས་པ་ལྟར་རྟོགས་བྱ་ཆོས་ཉིད་གཅིག་གསལ་ཟབ་རིམ་གྱིས་མཐར་ཕྱིན་པའི་ཚུལ་དུ་གྱུར་པའོ། །༈ རྡོ་རྗེའི་གསུང་༡༩པ། ས་ཡི་ཡོན་ཏན་བྱུང་བ་མུ་དྲུག བྱ་བ་ནི། ས་ཐོབ་ནས་ས་དེའི་ཡོན་ཏན་ཇི་ལྟར་འབྱུང་བ་ལ། ༡རིམ་གྱིས་པའི་མུ། ༢ཅིག་ཆར་བའི་མུ། ༣འགའ་ཞིག་ཡོད་པ་དང་མེད་པའི་མུ། ༤ཡོད་ཀྱང་གཞན་གྱིས་མི་མཐོང་བའི་མུ། ༥རྣལ་འབྱོར་ཉམས་སྣང་གི་མུ། ༦ལུང་ཁུངས་ཀྱི་མུ་བཅས་ཀྱི་མུ་དྲུག་འགྲེལ་པ་དང་ལོ་རྒྱུས་ནི་འགྲེལ་པར་གསལ། །དོན་མདོར་ན་ས་ཐོབ་པ་དང་དེའི་ཡོན་ཏན་རྣམས་ཉི་མ་དང་འོད་ཟེར་བཞིན་སྐད་ཅིག་ལ་འབྱུང་མི་དགོས་པར་དོད་ཡོན་ཏན་རྣམས་སྦྱང་པའི་སྟོབས་ཀྱིས་འབྱུང་གསུངས། །དཔེར་ན་རྗེ་མི་ལ་ལྟ་བུ་བླ་མ་མར་པའི་དྲུང་དུ་ལོ་དྲུག་དང་ཕྱེད་ཀས་ས་དང་པོ་མཐོང་ལམ་ཐོབ་དེ་ནས་ཕ་ཡུལ་དུ་མི་རྟག་བསྐུལ་མས་བྲག་དཀར་རྟ་སོ་སོགས་སྒྲུབ་པའི་ཡོན་ཏན་རྣམས་སྦྱངས་པས་དོད་ཡོགས་གྲགས་གནམ་ལ་འཕུར་བ་དང་མངོན་ཤེས་སོགས་ས་དང་པོའི་ཡོན་ཏན་ཐོབ་གསུངས། །༈ རྡོ་རྗེའི་གསུང་༢༠པ། རྒྱུ་ལམ་འབྲས་བུ་ཐམས་ཅད་ཚོགས་གཉིས་ཟུང་འཇུག བྱ་བ་ནི། འཆད་ཚེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཞེས་ཐ་དད་དུ་འཇོག་རྒྱུ་ཡོད་ཀྱང་ཉམས་སུ་ལེན་ཚེ་རྣམ་པ་ཐམས་ཅད་དུ་ཚོགས་གཉིས་ཟུང་དུ་འཇུག་པའམ་ཟུང་དུ་འབྲེལ་དགོས་གསུངས། །༈ རྡོ་རྗེའི་གསུང་༢༡པ། མཐོ་དམན་གང་དུ་ཡང་ཞིང་གདམ་པ་གནད། བྱ་བ་ལ་ཞལ་སྔ་ནས། རྒྱུད་ཚོད་མཐོ་དམན་གང་ཡིན་ཀྱང་ཞིང་གདམ་དགོས་ཏེ། ༡བསོད་ནམས་ཀྱི་ཚོགས་ཅུང་ཟད་གཅིག་བསགས་ཀྱང་གནས་སྐབས་དང་མཐར་ཐུག་ཏུ་འབྲས་བུ་རྒྱ་ཆེན་པོ་བྱུང་བ་དང་། ༢དགེ་བའི་རྩ་བ་དེ་རང་གཞན་གྱི་དོན་དུ་བསྔོས་པས་རང་གཞན་གྱི་དོན་རྒྱ་ཆེན་པོ་འབྱུང་བ་དང་། ༣ཡུལ་དམན་པ་གསུམ་ལ་སྦྱིན་ན་འབྲས་བུ་ཆུང་ངུ་ལས་མི་འབྱུང་བའི་སྟེང་དུ་ཉེས་པ་གསུམ་འབྱུང་བ་དང་༼བཅས་༽རྒྱུ་མཚན་གསུམ་གྱིས་མཐོ་དམན་གང་དུ་ཡང་ཞིང་གདམ་དགོས། །གསུངས། །ཞིང་དམན་པ་གསུམ་དང་དེའི་ཉེས་པ་གསུམ་འགྲེལ་པར་གསལ། །འོན་ཏེ་ཞིང་དམན་པ་བྱུང་ན་ཞིང་དམ་པར་སྒྲུབ་དགོས་པར་གསུངས་ཏེ། ཆོས་ཐམས་ཅད་རང་གི་སེམས། སེམས་གར་ཡང་བསྒྱུར་བཏུབ་པས་ཞིང་སངས་རྒྱས་སོགས་སུ་དམ་པར་བསྒྲུབས་ནས་འབུལ་དགོས། །དེ་ལྟ་མ་ཡིན་པར་ཞིང་དམ་པ་སངས་རྒྱས་ཀྱང་རང་སེམས་མ་དག་པས་ཞིང་དམན་པར་བསྒྲུབ་ཏུ་ཡོད་པས་གཟབ་འཚལ་གསུངས་སོ། །ཕག་གྲུས། བྱམས་པ་སྒོམ་པའི་སྒོམ་ཆེན་དེས། །་དགྲ་གཉེན་ཐམས་ཅད་ཕ་མར་མཐོང་། །བསྐྱེད་རིམ་བརྟན་པའི་སྒོམ་ཆེན་གྱིས། །སྣོད་བཅུད་ཐམས་ཅད་ལྷ་རུ་མཐོང་། །འོད་གསལ་སྒོམ་པའི་སྒོམ་ཆེན་གྱིས། །ཕྱོགས་རིས་མེད་པ་ཆོས་སྐུར་རྟོགས། །ཞེས་གསུངསོ། །
༈ ༢༡ ༡༢ ༡༢ དགོངས་གཅིག་བྱད་སེམས་གནད་བསྡུས་ཀྱི་འཚོམས་༢༤ལས་རྡོ་རྗེའི་གསུང་༢༢པ། ཆེད་དུ་བདག་ཏུ་བཟུང་ནས་ཚོགས་གསོག་པ་ཐབས་མཁས། བྱ་བ་ནི་སྤྱོད་འཇུག་ལས། འདི་ལ་བདག་གི་ཞེན་བྱ་བཞིན། །ཞེས་སོགས་གསུངས་པ་ལྟར་དང། འདིར་ཞལ་སྔ་ནས། འདི་མེད་ན་སྐྱོན་དང་ཡོན་ཏན་བགག་སྒྲུབ་ཆོས་གང་ཡང་མ་བཟུང་བའི་བློ་ཆོལ་ལེ་༼ཉོག་ལེ་༽དེ་ནི་གཏི་མུག་ཡིན་པས་སླར་ཡང་བདག་འཛིན་མཁྲེག་པར་གྱུར་ནས་སྤོང་དཀའ། བདག་མེད་ཀྱི་དོན་རྟོགས་པ་ལྟ་ཅི་དགོས་པ་ལས་སླ་བ་ཡང་མི་གྲུབ་པས། ཆེད་དུ་བདག་ཏུ་བཟུང་བ་འདི་ཟབ་གསུངས། །དེས་ནས་དངོས་པོ་རྣམས་བདག་ཏུ་བཟུང་ནས་ཡུལ་གོང་མ་དང་དོན་རྒྱ་ཆེན་པོ་ལ་མཆོད་པ་ནི་ཐབས་མཁས་ཏེ། དེ་ཉིད་ལས། ཡོངས་སུ་བཟུང་བ་མེད་པ་དེ་དག་ཀུན། །བློ་ཡིས་བླངས་ནས་ཐུབ་པ་སྐྱེས་ཀྱི་མཆོག །ཅེས་སོགས་བྱུང་བའི་ཕྱིར་སོ། །༈ རྡོ་རྗེའི་གསུང་༢༣པ། འཁོར་འདས་ཐམས་ཅད་ཀྱི་དགེ་བའི་རྩ་བ་བསྔོ་བ། བྱ་བ་ནི་གོང་ལས་འཕྲོས་ཏེ་ཐབས་མཁས་པས་འཁོར་འདས་ཐམས་ཅད་ཀྱི་དགེ་བའི་རྩ་བ་བསྔོ་བ་ལ་ཐོབ་ཐང་ཡོད་པར་གསུངས་ཏེ། བདག་དང་འཁོར་འདས་ཐམས་ཅད་༡རང་སེམས་ཡིན་པས་གང་བསྒྱུར་བསྒྱུར་དུ་ཡོད་པའི་ཕྱིར་དང་། ༢ཆོས་དབྱིངས་ལ་ཁྱད་པར་མེད་པའི་ཕྱིར་དང་། ༣མ་རྒན་གྱི་དོན་དུ་སེམས་བསྐྱེད་པས་མ་ཡི་བུ་རང་ཉིད་ཡིན་པས་མ་རྒན་སེམས་ཅན་ཐམས་ཅད་ཀྱི་དགེ་རྩ་རང་ལ་དབང་བ་དང་། ༤སངས་རྒྱས་རྣམས་ཀྱིས་དང་པོ་ཐུགས་བསྐྱེད་བར་དུ་ཚོགས་བསགས་ཐ་མར་སངས་རྒྱས་ནས་ཆོས་བསྟན་པའི་དགེ་རྩ་ཇི་སྙེད་པ་ཐམས་ཅད་སེམས་ཅན་གྱི་དོན་དུ་བས་ན་ངེད་རང་རྣམས་ཀྱི་དགེ་རྩ་དེ་ཐམས་ཅད་བསྟན་པ་དང་སེམས་ཅན་གྱི་དོན་བསྔོ་ཆོག་གསུངས། །མདོར་ན་བསྔོ་བ་གལ་ཆེ། །༈ རྡོ་རྗེའི་གསུང་༢༤པ། ༼མ་ཟད་༽སངས་རྒྱས་བླ་མ་ལ་ཡང་བསྔོ་བ་དགོས། བྱ་བ་ནི་ཞལ་སྔ་ལས། ༼སངས་རྒྱས་དང་བླ་མའི་༽འཕྲིན་ལས་རྫོགས་པ་ལ་མྱུར་བས་སངས་རྒྱས་དང་བླ་མ་ལ་ཡང་བསྔོ་བ་བྱས་ན་ལྷག་པར་དགའ་གསུངསོ།། །།བསྐལ་པ་དུ་མ་རབ་དགོངས་མཛད་པ་ཡི། །ཐུབ་དབང་རྣམས་ཀྱི་དེ་ཉིད་ཕན་པར་གཟིགས། །བཞི་པ་བྱང་སེམས་གནད་བསྡུས་ཀྱི་ཚོམས་ཀྱི་ཟིན་བྲིས་ཐལ་ལོ།། །།

Friday, 14 December 2012

༈ ༩-༡༤ ༡༢ ༡༢ དགོངས་གཅིག་ཟིན་བྲིས། །

འདུལ་བ་མཐར་ཐུག་གསང་སྔགས་ཀྱི།འཛོད་འཛིན་བླ་མ་མར་པར་འདུད།

༩-༡༤ ༡༢ ༡༢ དགོངས་གཅིག་འདུལ་བའི་གནད་བསྡུས་ཀྱི་འཚོམས་༢༠ལས་རྡོ་རྗེའི་གསུང་༡པོ། འདུལ་བ་ཐེག་པ་ཐུན་མོང་ཡིན། བྱ་བ་ནི། དུས་རྒྱུན་ལྟར་ཐེག་ཆེན་པས་ཀྱང་འདུལ་བ་བླང་བྱ་གཙོ་བོར་གསུངས་པ་རེད། །འཕགས་པ་ཉེ་བ་འཁོར་གྱིས་ཞུས་པའི་མདོ་ལས། བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ཞེས་དང་། །ལུང་རྣམ་འབྱེད་ལས། ཇི་ལྟར་འདི་ན་ཤིང་རྩ་གཙོ་བོ་སྟེ། །རྣམ་པར་འཕེལ་དང་ཀུན་འཛིན་གཉིས་ཀྱི་ཞིང་། །དེ་ཕྱིར་དམ་ཆོས་ཚོགས་རྣམས་ཀུན་གྱི་ཡང་། །གཞི་དང་རྩ་བ་འདུལ་བ་ཡིན་པར་གསུངས། །ཞེས་གསུངས་སོ། །༈ རྡོ་རྗེའི་གསུང་༢པ། ལྷག་པར་ཐེག་པ་ཆེན་པོར་བཞུགས་པ་གསལ་བ། །བྱ་བ་ནི། དོན་གྱི་དབང་དུ་ན་འདུལ་བ་ན་ལྷག་པར་ཐེག་པ་ཆེན་པོར་བཞུགས་པ་གསལ་སྟེ། བཅོམ་ལྡན་འདས་བསྐལ་ཆེན་གྲང་མེད་གསུམ་དུ་སངས་རྒྱས་མཆོད་ཅིང་ཚོགས་བསགས་ཚུལ་འདུལ་བ་ལུང་སྨན་གྱི་གཞི་དང་། མཛོད་ལས་གསུངས་ཤིང་གཞན་ཡང་མང་ངོ་། །
༡༠ ༡༢ ༡༢ ༈ དགོངས་གཅིག་འདུལ་བའི་གནད་བསྡུས་ཀྱི་འཚོམས་༢༠ལས་རྡོ་རྗེའི་གསུང་༣པ། ཚུལ་འཁྲིམས་རིན་པོ་ཆེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན། །བྱ་བ་ནི་རྒྱུན་དུ་ཚུལ་འཁྲིམས་ཀྱི་གནད་ཕྲ་མོ་ཐམས་ཅད་མཁྱེན་པའི་སྤྱོད་ཡུལ་དུ་གསུངས་པ་ལྟར་འདིར་ཡང་ཡིན་ཏེ། འདིར་ཞལ་སྔ་ནས། འདུལ་བ་ཐམས་ཅད་མཁྱེན་པ་ཉག་ཅིག་གིས་སྤྱོད་ཡུལ་ཡིན་པས་ས་བཅུའི་དབང་ཕྱུག་ཆེན་པོ་རྣམས་ཀྱིས་ཀྱང་དམ་ཆོས་འདུལ་བ་ལ་བསླབ་པའི་གཞི་བཅའ་བར་མི་ནུས་ན་དེ་མན་ཆད་ཀྱི་བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་། ཉན་ཐོས་དག་གིས་ལྟ་སྨྲོས་ཀྱང་ཅི་དགོས། །ཞེས་གསུངས་པ་བཞིན་ནོ། །མཁན་པོ་པཎ་རྩེས། རང་རེའི་སྟོན་པའང་འདུལ་བ། བསྟན་པའང་འདུལ་བ་གསུངས། །༈ རྡོ་རྗེའི་གསུང་༤པ། ༼སྡོམ་པ་༽སྐྱེ་བའི་བར་ཆད་ཐམས་ཅད་འབྲས་བུ་ཐོབ་པའི་བར་ཆད་ཡིན། །བྱ་བ་ལ་ཞལ་སྔ་ནས། ༼སྡོམ་པ་སྐྱེ་བའི་བར་ཆད་༽བཞི་པོ་དེ་ལས་སྐྱེ་བའི་བར་ཆད་དུ་གསུངས་པ་དེ་དག་ནི་དགེ་སྦྱོང་གི་འབྲས་བུ་སྐྱེ་བའི་བར་ཆད་དུ་གསུངས་པ་ལས་སྡོམ་པ་མི་སྐྱེ་བ་མ་ཡིན་པར་བཞེད་གསུངས། །ལོ་རྒྱུས་གླེང་ཡང་མང་དུ་བཞུགས། །༈ རྡོ་རྗེའི་གསུང་༥པ། སྡོམ་པའི་ངོ་བོ་རྣམ་པ་རིག་བྱེད་མ་ཡིན་པའི་གཟུགས། །བྱ་བ་ལ་བསྡོམ་སྙིང་བསྡུས་འདི་འདྲ་ཞིག་གསུངས་ཏེ། ཆོས་ཐམས་ཅད་དགེ་མི་དགེའི་བསམ་པ་གང་སྐྱེས་པ་དེའི་རང་གཟུགས་སུ་གྲུབ་པས་བསམ་པའི་རང་གཟུགས་ཞེས་ཀྱང་བྱ་སྟེ། སྡོམ་པའི་ངོ་བོ་དེ་དེར་མི་འོང་ཁ་མེད་པས་གནད་ཆོས་ཐམས་ཅད་བསམ་པའི་རང་གཟུགས་ཡིན། གསུངས་པས་གནད་ཕྲ་བས་རྟོགས་དཀའ་སྙམ། །
༈ ༡༡ ༡༢ ༡༢ རྡོ་རྗེའི་གསུང་༦པ། ལྟུང་བ་ཐ་དག་ལ་འདུ་ཤེས་གཙོ། བྱ་བ་ལ་འདིར་ཕམ་ལྷག་དང་པོ་གཉིས་ལའང་འདུ་ཤེས་གཙོ་བ་ཡིན་གསུངས་པས་འོག་ཏུ་འང་ཚེ་འཕོས་པས་སྡོམ་པ་མི་གཏོང་བའང་འདིའི་གནད་ཀྱིས་སོ། །འདིར་ལོ་རྒྱུས་གླེང་གཞི་ལ་དགེ་སློང་གཉིད་ལ་བུད་མེད་ཚོགས་ཅན་དང་ལྕེ་ཐུན་མ་གཉིས་ཀྱིས་བཀབ་པ་དང་། དགེ་སློང་མ་སེར་སྐྱ་བཟང་མོ་མ་སྐྱེས་དགྲས་བཙུན་མོ་ཞག་བདུན་བྱས་སུ་བཅུག་པ་ལྟ་བུར་གསུངས། །༈ རྡོ་རྗེའི་གསུང་༧པ། གཙོ་བོ་ཡིད་ཀྱི་གསུམ་སྤོང་བ། བྱ་བ་ནི་གོང་གི་བཟླས་དྲངས་པ་འོ། ཚིག་དོན་ནི་སླ། །༈ རྡོ་རྗེའི་གསུང་༨པ། གཏོང་བའི་རྒྱུ་དེ་དག་གིས་མི་གཏོང་བ་ཡང་ཡོད། །བྱ་བ་འདིའི་བསྡོམས་བསྡུས་ན། སྡོམ་པ་གཏོང་བའི་རྒྱུ་དགུ་ནི། འདུལ་བ་ལུང་ལས། ༡མཚན་ལན་གསུམ་གྱུར་པ་དང་། ༢ཉི་ཤུ་མ་ལོན་དེར་ཤེས་པ་དང་། ༣དམ་པའི་ཆོས་ནུབ་པ་དང་། ༤རྩ་ལྟུང་བྱུང་བ་དང་བཞི། དེ་བཞིན་མངོན་པ་མཛོད་ལས། ༡བསླབ་པ་ཕུལ་དང་༢ཤི་འཕོས་དང་། །༣རྩ་བ་ཆད་དང་༤མཚན་འདས་དང་། །༥མཚན་གཉིས་ཅིག་ཆར་བྱུང་བས་ན། །སོ་སོར་ཐར་པའི་སྡོམ་པ་གཏོང་། །ཞེས་ལྡ་སྟེ་དགུར་གསུངས་ལས། ཞལ་སྔ་ནས་དགུ་པོ་འདི་ལས་འགའ་ཞིག་མི་གཏོང་བའང་ཡོད་གསུངས་ཏེ། ༡བསླབ་པ་ཕུལ་བ་ལ་མུ་བཞི། །༢རྩ་བ་ཆད་པ་ནི་ལོག་ལྟ་ཡིན་པས་གཏོང་། །༣མཚན་འདས་བསྙིན་གནས་ཡིན་པས་གཏོང་མི་གཏོང་ཆ་གཉིས་སུ་ཡོད། །༤དམ་ཆོས་ནུབ་སྐབས་གཏོང་བ་དང་མ་ངེས་པ་དང་མི་གཏོང་བ་སྟེ་གསུམ་ཡོད། །༥རྩ་ལྟུང་བྱུང་ན་གང་བྱུང་ས་ངོས་ནས་གཏོང་པ་ལས་ལྷག་མ་ལུས་པ་ནི་མ་གཏོག་གསུངས། །༦ཤི་འཕོས་པ་ལ་གཏོང་མི་གཏོང་གཉིས་ཀ་ཡོད།  །༧མཚན་གཉིས་ཅིག་ཆར་བྱུང་ན་ཕ་མ་གང་གི་ཁོངས་སུ་མ་གཏོགས་པས་སྤྱིར་གཏོང་། །༨ལན་གསུམ་གྱུར་ན་གཏོང་། །ཉི་ཤུ་མ་ལོན་དེར་ཤེས་ལའང་བསྲུང་བསྡོམ་ཤུགས་ཆེར་ཡོད་མི་གཏོང་གསུངས། །མདོར་ན་འདིར་གཙོ་བོ་བསྲུང་སེམས་ཤུགས་ཆེར་ཡོད་མེད་ལ་འཇོག་གི་འདུག་པས་གཙོ་བོ་ཉམས་ལེན་གྱི་དབང་དུ་བྱེད་འདུག་སྙམ་པས་བསྟན་པ་སྤྱི་མཚན་ནས་ཞུས་ན་ཏག་ཏག་བསྡད་ཨ་ཡོང་བསམ་པའང་གྱི་ན་པ་ང་རང་གིས་བསམ་ཚུལ་ལགས་སོ། །༈ རྡོ་རྗེའི་གསུང་༩པ། ཕམ་པ་བཞི་ནི་བུ་ལོན་ནོར་ཅན་བཞིན། བྱ་བ་ནི་གཏོང་རྒྱུ་རྩ་ལྟུང་སྐབས་བཤད་ཟིན། །
༡༢ ༡༢ ༈ རྡོ་རྗེའི་གསུང་༡༠པ། སྣ་གཅིག་བསྲུངས་པས་འབྲས་བུ་མྱ་ངན་ལས་འདས་པ། བྱ་བའི་སྐབས་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱིས་སྙིང་རྗེ་པད་དཀར་ལས། གང་དག་ང་ཡི་བསྟན་པ་འདི་ལ་རབ་ཏུ་བྱུང་བ་དག རབ་ཏུ་བྱུང་ནས་བུ་ལག་ནས་བཟུང་སྟེ་བུ་དང་ལྷན་ཅིག་ཏུ་ཆང་སྐྱོགས་ཀྱི་ཕྱིར་འཆང་བའི་ཁྱིམ་དང་ཆང་༼གི་༽བའི་ཁྱིམ་དུ་འཁྱམ་༼པ་༽པའམ་ང་ཡི་དམ་པའི་ཆོས་༼ཀྱི་༽ནི་རྗེས་སུ་སློབ་པ་དེ་དག་ཐམས་ཅད་ཀྱང་། ཀུན་དགའ་བོ་བསྐལ་པ་བཟང་པོ་འདི་ལ་ཡོངས་སུ་མྱ་ངན་ལས་འདས་ནས་སངས་རྒྱས་དགུ་བརྒྱ་༼དགུ་བཅུ་༽དྲུག་ཅུ་རྩ་དྲུག་འབྱུང་བའི་ཚེ། ངའི་བསྟན་པ་འདི་གང་དག་དགེ་སྦྱོང་གི་རིགས་ཅན་དགེ་སྦྱོང་ཤིན་ཏེ་མ། དགེ་སྦྱོང་དུ་ཁས་འཆེ་བ། དགེ་སྦྱོང་ལྟར་བཅོས་པ། ངུར་སྨྲིག་གྱོན་པ་བྱུང་བ་དེ་དག་ཐམས་ཅད་ཀྱང་། གང་བྱམས་པ་ནས་མོས་པ་ཐུག་གི་བར་དུ་ཕྱིེས་འབྱུང་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་འོག་ཏུ་མཐར་གྱིས་མྱ་ངན་ལས་འདའ་བར་འགྱུར་རོ། །དེ་དག་ཐམས་ཅད་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་སྟེ། དགེ་སློང་གཅིག་ཀྱང་ལྷག་མ་མི་ལུས་པར་འགྱུར་རོ། །ཞེས་པའི་ལུང་རྒྱབ་ལྗོངས་ཀྱི་རིགས་པ་ལ་བརྟེན་ནས་འདིར་བྱེ་བྲག་གི་གླེང་གཞི་དང་རིགས་པ་གསུངས་སོ། །༈ རྡོ་རྗེའི་གསུང་༡༡པ། བཅས་པ་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་གཅིག་ཡིན། བྱ་བའི་དོན་གཙོ་བོ་ནི་གཤིས་ལ་ཉེས་པ་མི་དགེ་བ་ཞིག་འབྱུང་རུང་ལ་དགོངས་ནས་བཅས་པ་མཛད་པ་ལས་སྟོན་པས་རང་དགར་ག་ལ་མཛད་ཅེས་སྟོན་པའི་དོན་རླབས་པོ་ཆེ་ཞིག་ཡིན། །དེས་བཟླས་དྲངས་ནས། ༈ རྡོ་རྗེའི་གསུང་༡༢པ། ཁམས་གསུམ་གྱི་རྒྱལ་པོས་འགྲོ་བ་སྤྱི་ལ་བཅས། བྱ་བ་འདི་བྱུང་། ། དེས་ན་བཅོམ་ལྡན་འདས་ཀྱིས་བཅས་པ་ཐམས་ཅད་ཀྱང་འགྲོ་བ་སྤྱི་ལ་བཅས་པ་ཡིན་ཏེ། ཁོང་དང་པོ་ཐུགས་བསྐྱེད་བར་དུ་གྲངས་མེད་གསུམ་གྱི་ཚོགས་བསགས་མཐར་སངས་རྒྱས་ནས་ཆོས་འཁོར་བསྐོར་བ་ཐམས་ཅད་རྗེས་འབྲངས་སྲས་རྣམས་ཁོ་ནའི་དོན་དུ་ག་ལ་ཡིན་ཏེ། སེམས་ཅན་ཀུན་གྱི་དོན་དུ་ཡིན་ནོ། །གསུངས། །
༡༣ ༡༢ ༡༢ དགོངས་གཅིག་འདུལ་བའི་གནད་བསྡུས་ཀྱི་འཚོམས་༢༠ལས་རྡོ་རྗེའི་གསུང་༡༣པ། སྡིག་པ་དང་ལྟུང་བ་ཐ་དད་མེད་ཅིང་གཅིག་པ་ཡིན། །བྱ་བ་ནི་གོང་དུ་བཤད་ཟིན་པ་བཞིན་བཅས་པ་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་གཅིག་པའི་ཕྱིར་དང་། བཅས་པ་ཐམས་ཅད་འགྲོ་བ་སྤྱི་ལ་བཅས་པའི་གནད་ཀྱིས་སྡིག་ལྟུང་ཡང་ཐ་དད་མེད་ཅིང་གཅིག་པ་ཡིན་གསུངས། །༈ རྡོ་རྗེའི་གསུང་༡༤པ། སྤྱིར་བཀག་པ་ཐམས་ཅད་ཡེ་བཀག་དང་གནང་བ་ཐམས་ཅད་ཡེ་གནང་ཡིན། བྱ་བ་ལ་ཞལ་སྔ་ནས། སྤྱིར་འཁོར་འདས་ཀྱི་གཤིས་ལ་དགེ་མི་དགེ་གཉིས་སུ་ཡོད་པ་ལ་གནས་དང་གནས་མ་ཡིན་པ་མཁྱེན་པའི་ཡེ་ཤེས་ལས་མི་འདའ་བ་དང་གཅིག དགེ་མི་དགེའི་རྗེས་སུ་འབྲེལ་ནས་བདེ་བ་དང་སྡུག་བསྔལ་སོ་སོར་འབྱུང་ངེས་པ་དང་གཉིས། བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་ལ་བརྩེ་བ་བུ་བཞིན་དུ་དགོངས་ཀྱང་སྤང་བླང་གི་ཐབས་གཞན་མེད་པ་དང་གསུམ་གྱི་རྒྱུ་མཚན་དང་གནད་ཀྱིས་ཡ་བཀག་ཡེ་གནང་དུ་མི་ཡོང་ཁ་མེད་ཡིན་གསུངས། །དོགས་པ་གནང་བའི་རྗེས་སུ་དགག་པ་དང་སྒྲུབ་པའི་རྗེས་གནང་བའང་ཀུན་སློང་དགེ་མི་དགེར་གྱུར་ནས་གསུངས་བ་ལས་དོན་དུ་ཡེ་བཀག་ཡེ་གནང་ཡིན་ནོ། །༈ རྡོ་རྗེའི་གསུང་༡༥པ། འགྲོ་དྲུག་གང་གིས་བསྲུངས་ཀྱང་ཕན་ཡོན་འབྱུང་། བྱ་བ་ལ་ཞལ་སྔ་ནས། བཅས་པ་འགྲོ་བ་སྤྱི་ལ་བཅས་པའི་ཕྱིར་དང་། རྒྱུ་འབྲས་རྟེན་འབྲེལ་གྱི་གཤིས་མི་བསླུ་བའི་ཕྱིར་དང་། འོག་ཏུ་འབྱུང་བ་ལྟར་འགྲོ་བ་གང་གིས་བཅས་པ་ལས་འདས་ཀྱང་ཉེས་པ་འབྱུང་བའི་ཕྱིར་རྒྱུ་མཚན་གསུམ་པོའི་གནད་ཀྱིས་འགྲོ་དྲུག་གང་གིས་བསྲུངས་ཀྱང་ཡོན་ཏན་འབྱུང་གསུངས། །༈ རྡོ་རྗེའི་གསུང་༡༦པ། འགྲོ་དྲུག་གང་གིས་བཅས་པ་ལས་འདས་ཀྱང་ཉེས་པ་འབྱུང་། བྱ་བ་ནི་གོང་མ་ཐག་པའི་ལྡོག་ཕྱོགས་ནས་སོ། །༈ རྡོ་རྗེའི་གསུང་༡༧པ། བསྟན་པ་ལ་ཆོ་ག་ལྷག་པར་གལ་ཆེ། བྱ་བ་ལ་ཞལ་སྔ་ནས། ཐུབ་པ་ཆེན་པོ་འདས་པའི་རྗེས་སུ་ཐུབ་པས་མཁན་པོ་མཛད་པ་མེད་པས་གང་ཟག་ལས་སྡོམ་པ་ལེན་དགོས། །ཆོ་ག་མེད་པར་བསྲུངས་ཀྱང་བསྲུངས་པའི་འབྲས་བུ་ཕན་ཡོན་འབྱུང་མོད་ཀྱི། འོན་ཀྱང་དེ་བཞིན་གཤེགས་པའི་བསྟན་པ་ཆོ་གའི་རྣམ་པར་གནས་གསུངས་པས་ཆོ་ག་གལ་ཆེ་སྟེ། དེ་ལ་བསྟན་པའི་ཁྱད་ཆོས་མང་པོ་ཞིག་འབྱུང་རྒྱུ་ཡོད་པ་ཡིན་པས་ཆོ་ག་ལྷག་པར་གལ་ཆེ། །གསུངས། །
༡༤ ༡༢ ༡༢ དགོངས་གཅིག་འདུལ་བའི་གནད་བསྡུས་ཀྱི་འཚོམས་༢༠ལས་རྡོ་རྗེའི་གསུང་༡པ། མི་ཤེས་གཏི་མུག་པ་ལྷག་པར་ཉེས་པ་ཆེ། བྱ་བ་ནི་ཉེ་བ་འཁོར་གྱིས་ཞུས་པ་ལས། འདོད་ཆགས་ནི་ཉེས་པ་ཆུང་ལ་འབྲལ་དཀའ། ཞེ་སྡང་ནི་ཉེས་པ་ཆེ་ལ་འབྲལ་སླ། གཏི་མུག་ནི་ཉེས་པ་ཡང་ཆེ་ལ་འབྲལ་ཡང་དཀའ། ཞེས་གསུངས་པས་དང་པོ་ནས་མི་ཤེས་པ་གཏི་མུག་སྤོང་བ་གནད་ཟབ་པ་ཡིན་པས་བདག་ཅག་རྣམས་ཀྱི་འདི་སྤོང་བ་ལ་བརྩོན་འགྲུས་དང་རྟུལ་ཞུགས་ལ་འབད་པར་བྱ། གསུངས། །དེས་བཟླས་དྲངས་ནས། རྡོ་རྗེའི་གསུང་༡པ། དུད་འགྲོ་གཏི་མུག་ཆེ་པས་༼འགྲོ་བ་གཞན་ལས་༽དམན། བྱ་བ་འདི་གསུངས། །དེ་བས་ན་དམྱལ་བ་དང་ཡི་དྭགས་གཉིས་པོ་སྡུག་བསྔལ་དོས་དྲག་ནའང་དྲན་པ་གསལ་བས་གྲོལ་བ་དུད་འགྲོ་ལས་ཤིན་ཏུ་མྱུར་བའི་རྒྱུ་མཚན་གྱིས་སོ། ། རྡོ་རྗེའི་གསུང་༢༠པ། ཉམས་པའི་ཉེས་པ་བས་མ་ཐོབ་པའི་ཉེས་པ་ལྕི། བྱ་བ་ནི་ལྷ་དང་བླ་མ་འཕགས་པ་དཀོན་མཆོག་གསུམ་དང་འབྲེལ་པ་བཞག་ཐུབ་པས་ལས་འབྲེལ་བསླུ་བ་མེད་པའི་རྒྱུ་མཚན་གྱིས་མི་གང་སྡོམ་པ་མ་ཐོབ་པ་ལས་ཐོབ་ནས་ཉམས་པ་མི་གང་གིས་གྲོལ་བ་མྱུར་དུ་འཐོབ་པར་གསུངས་ཏེ། ཀུན་མཁྱེན་བླ་མས། གསང་སྔགས་ཀྱི་དབང་ཐོབ་ནས་དམྱལ་བར་སྐྱེས་ཀྱང་ཆོག་པ་ཡིན་གསུངས་པ་བཞིན་ནོ། །མདོར་ན་འདུལ་ཚོམས་འདི་ཕྱོགས་ལྔ་འདུས་ཏེ། འདུལ་བའི་བཅས་འཁྲིམས་ནི། ༡རྒྱལ་བའི་བསྟན་པ་སྤྱི་ལ་ཁྱབ་ཕྱོགས། ༢བླངས་ད་མ་བླངས་འབྲས་བུ་མཉམ་ཕྱོགས། ༣བསླབ་པ་བྲལ་བ་ཉེས་པ་ཆེ་ཕྱོགས། ༤ལན་གཅིག་བླངས་པས་ཕན་ཡོན་ཆེ་ཕྱོགས། ལྷག་པར་མ་བླངས་ཉེས་པ་ཆེ་ཕྱོགས་ཏེ་ལྔས་བསྡོམ་མདོར་འདུས་ཏེ་གསུངས། །འདིས་གཙོས་དགོངས་གཅིག་གི་གསུངས་གོང་དུ་གསུངས་པ་ཕལ་ཆེ་བ་ཚིག་ངོ་གདོང་ལ་འགལ་འདུ་དང་འགྲེལ་པས་བཀྲལ་ཚེ་བསྟན་པ་སྨ་མེད་པ་ཞིབ་ཆ་དང་ལྡན་པ་ཉམས་ལེན་ཉམས་མྱོང་དང་འབྲེལ་བ་ལེགས་བཤད་རྨད་འབྱུང་དུ་གོའོ།། །།དགེ་བས་བསྟན་པ་རྒྱས་པ་ཤོག །བསྟན་པས་སེམས་ཅན་ལ་སྨན་ཤོག། །།

Monday, 10 December 2012

༥-༨ ༡༢ ༡༢ དགོངས་གཅིག་ཟིན་བྲིས།་།



ལྷ་རྗེ་སྒམ་པོ་པ་དགེ་སློང་རྡོ་རྗེ་འཛིན་པ་འཛམ་གླིང་གྲགས་པ།
 ༥ ༡༢ ༡༢ དགོངས་གཅིག་རྟེན་འབྲེལ་གནད་བསྡུས་ཀྱི་འཚོམས་༡༥ལས་རྡོ་རྗེའི་གསུང་༡པ། དགེ་སྡིག་གཉིས་སུ་ཐག་བཅད་ན། ལུང་མ་བསྟན་མེད། ཅེས་བྱ་བ་འདིའི་གནད་ལ་བསྡུ་ན། འཁོར་འདས་གཉིས་ཀྱི་ས་འཚམས། དགེ་སྡིག་གཉིས་ཀྱི་བཤན་འབྱེད་དོ། །རྒྱུ་མཚན་འདོར་བསྡུས་ན། ཉམས་སུ་ལེན་ཚུལ་ལ་དགག་སྒྲུབ་གཉིས་ལས་མེད་པས། མཐར་ཐུག་སངས་རྒྱས་པའི་དུས་ན་ལུང་མ་བསྟན་རྣམས་སྤང་དགོས་པས། མ་འདྲེས་པའི་ཆོས་བཅོ་བརྒྱད་ཀྱི་ཡ་གྱལ། མ་བརྟགས་པའི་བཏང་སྙོམས་མི་མངའ་བ་བྱ་བ་དེ་བྱུང་གསུང་། །༈ རྡོ་རྗེའི་གསུང་༢པ། རྟོག་གཉིས་ཅིག་ཆར་མི་འཇུག་ཅིང་སེམས་གཉིས་འགྲོགས་པར་མི་སྐྱེ། ཅེས་བྱ་བའི་རྒྱུ་མཚན་བསྡུ་ན་གང་ཟག་གཅིག་ལ་ཤེས་རྒྱུད་གཉིས་མེད་པ་དང་། ཆོས་ཐམས་ཅད་སྐད་ཅིག་མ་ཡིན་པ་དང་། ཡུད་ཙམ་རེར་སྤང་གཉེན་དུ་མ་སྐྱེས་འགག་བྱས་ཀྱང་ཕྱི་མ་ཕྱི་མ་སྐྱེས་པ་ན་སྔ་མ་སྔ་མ་འགག་པ་གསུམ་གྱིས། དགེ་མི་དགེ་བའི་རྟོག་པ་ལྷན་ཅིག་མི་སྐྱེ་པས་གཉེན་པོ་དགེ་བ་ལ་འབད་དགོས་པ་གསུངས་ཤིང་འབད་ན་མི་དགེ་བ་རྒྱུན་ཆད་པ་ལ་ཐེ་ཚོམ་མེད་གསུངས་པ་གོ་དགོས། །དེའི་ཕྱིར་སྔོན་གྱི་བཀའ་གདམས་དགེ་བཤེས་ཚོས། གང་ཚེ་རང་དབང་འཇུག་ཅིང་མཐུན་པ། །སོགས་ཤོལྐོ་འདི་ཉིན་རེ་ལན་རེ་མ་ཆད་པར་ཞལ་འདོན་གནང་སྲོལ་ཡོད་ཅེས་མཁན་པོས་གསུངས། །༈ རྡོ་རྗེའི་གསུང་༣པ། སེམས་ལས་བྱུང་བ་ལས་ཀྱང་སེམས་འབྱུང་ཕྱེ་བ། ཞེས་བྱ་བ་འདི་ལ་༼སེམས་ལས་སེམས་བྱུང་འབྱུང་བ་༽འདི་གཅིག་པུར་མ་ངེས་ཏེ། སེམས་འབྱུང་ལས་ཀྱང་སེམས་འབྱུང་བྱ་བ་འདི་ཡང་ཡོད་གསུངས། །༈ རྡོ་རྗེའི་གསུང་༤པ། འཁོར་བ་ལུས་འཁོར། བྱ་བ་ནི་བག་ཆགས་དང་རྗེས་སུ་མཐུན་པའི་ཟག་བཅས་ཀྱི་ལུས་ཕྲ་རགས་ཐམས་ཅད་ལ་གོ་ན་ཉེས་པ་མེད། །༈ རྡོ་རྗེའི་གསུང་༥པ། རྟེན་འབྲེལ་༡༢ཐམས་ཅད་མ་རིག་པས་གཡོས། །བྱ་བ་ནི་དོན་ཆེ་སྟེ། སྡུག་བསྔལ་གྱི་རྒྱུ་རྩ་བཀོག་བྱེད་པའོ། །
༦ ༡༢ ༡༢ དགོངས་གཅིག་རྟེན་འབྲེལ་གནད་བསྡུས་ཀྱི་འཚོམས་༡༥ལས་རྡོ་རྗེའི་གསུང་༦པ། རྟེན་འབྲེལ་༡༢སྐད་ཅིག་ལ་གཅིག་ལ་ཚང་། །བྱ་བ་འདི་དུས་རྒྱུན་བཞིན་རྟེན་འབྲེལ་ཚར་གཅིག་དང་གཞན་དེ་ཡང་ཚེ་གཅིག་དང་གཉིས་དང་གསུམ་ལས་མང་བ་ལ་རྫོགས་ཀྱང་འདིར་སྐད་ཅིག་རྫོགས་པ་ཡོད་པ་དགྲ་བཅོམ་པའི་སློབ་མ་ཞིག་སྐད་ཅིག་ལ་ཞེ་སྡང་དྲག་པོས་ཀླུར་གྱུར་པ་དང་མཁན་པོས་ཝ་ར་ཎ་སིར་རྒན་མ་ཞིག་སྟག་ཏུ་གྱུར་སོགས་གསུངསོ། ། ༈རྡོ་རྗེའི་གསུང་༧པ། སེམས་ཐ་དད་པའི་བབས་ཀྱིས་སྣང་བ་ཡང་ཐ་དད། བྱ་བ་འདི་ཆུ་ཀླུང་རྣག་ཁྲག་གི་དོན་དང་མཚུངས། །༈ རྡོ་རྗེའི་གསུང་༨པ། ད་ལྟ་ཉིད་དུ་གང་བསྒྲུབས་པའི་འབྲས་བུ་ལ་ལོངས་སྤྱོད། བྱ་བ་འདི་སྔོན་ལས་ལ་ཡ་ལག་མེད་པར་ད་ལྟའི་རྒྱུས་ད་ལྟར་འབྲས་བུ་ཐོབ་པས། ཆོས་ལ་སྙིང་པོ་ལོན་ཞེས་གདམས་ཏེ་རྗེ་མི་ལས། བརྐོས་པར་གྱུར་ན་ས་ལས་ཆུ་ཡང་ཐོན། །བསྲུབས་པར་གྱུར་ན་ཤིང་ལ་མེ་ཡང་འབར། །མིས་ནི་བརྩོན་འགྲུས་དང་འབད་བཅས་གྱུར་ན། །མི་འགྲུབ་པ་ནི་གང་ཡ་མེད་པར་གསུངས། །གསུངས། ཚེ་ད་རིང་ལ་སྒྲུབ་ཐུབ་པའི་ལོ་རྒྱུས་མང་པོ་གསུངསོ། །
༧ ༡༢ ༡༢ དགོངས་གཅིག་རྟེན་འབྲེལ་གནད་བསྡུས་ཀྱི་འཚོམས་༡༥ལས་རྡོ་རྗེའི་གསུང་༩པ། དུས་ཀྱི་འཕེལ་གྲིབ་ད་ལྟར་ཡང་ཡོད། བྱ་བ་ལ། ལོ་རྒྱུས་འདི་གསུངས་ཏེ། སྔོན་ཚེ་ལོ་བརྒྱད་ཅུ་ཐུབ་པའི་དུས་ན་རང་རེའི་སྟོན་པ་གདོལ་པ་སྟོབས་ཆེན་བྱ་བར་སྐུ་འཁྲུངས་པའི་ཚེ། སུས་སེམས་ཅན་གྱི་སྲོག་བཅད་ན་དེའི་སྲོག་༼ངས་༽གཅོད་པ་ཡིན་ཞེས་བསྒྲགས་པས། རིམ་བཞིན་མི་རྣམས་རིམ་བཞིན་མི་ཆོས་བཅུ་དྲུག་ལ་བཀོད་པས་ཚེ་ལོ་བརྒྱད་ཅུ་པ་དེ་ཚེ་ལོ་ལྔ་བརྒྱའི་བར་དུ་ཕེལ་བར་གསུངས། །༈ རྡོ་རྗེའི་གསུང་༡༠པ། ཚེ་འདི་རང་ལ་མཐོང་ཆོས་གཙོ་བོར་འབྱུང་། བྱ་བ་ལ་འདིར་ཞལ་སྔ་ནས། སྙིགས་དུས་འདིར་མཐོང་ཆོས་གཙོ་བོར་འབྱུང་སྟེ། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཁྱེད་རང་གི་འབངས་ཐ་ཆད་སྨད་པ་ཞིག་བསྟན་པ་ལ་རབ་ཏུ་བྱུང་ནས་ཚུལ་བཞིན་བྱེད་པ་ཞིག་ཁྱེད་ཀྱི་དྲུང་དུ་བྱུང་ན་དེ་ལ་ཁྱོད་ཀྱིས་སྔོན་བཞིན་སྨོད་དམ་གསུངས་པར་མ་ཡིན་ཏེ་མཆོད་པ་དང་བསྐུར་བསྟིའི་གནས་སུ་གྱུར་གསུངས་པ་བཞིན། །སྤྱོད་འཇུག་ལས་ཀྱང་། བྱང་ཆུབ་སེམས་བསྐྱེད་གྱུར་ན་སྐད་ཅིག་གིས། །སོགས་གསུངས་པ་བཞིན། དེང་དུས་ལས་འབྲས་ཛུབ་མོའི་རྩེ་ལ་འཁོར་བྱ་བའི་གཏམ་དཔེ་བཞིན་ནོ། ། རྡོ་རྗེའི་གསུང་༡༡པ། མི་ཆོས་བཅུ་དྲུག་ལ་སོགས་པ་དང་ལྷ་ཆོས་གཅིག བྱ་བ་ལ་ཤེས་རབ་བརྒྱ་པ་ལས། མི་ཡི་ཆོས་ནི་ལེགས་སྤྱད་ན། །ལྷ་ཡུལ་འགྲོད་པ་ཐག་མི་རིང་། །ལྷ་དང་མི་འི་ཐེམ་སྐས་ལ། །འཛེགས་ན་ཐར་པ་གམ་ན་འདུག །ཅེས་གསུངས་སོ། །
༡༢ ༡༢ དགོངས་གཅིག་རྟེན་འབྲེལ་གནད་བསྡུས་ཀྱི་འཚོམས་༡༥ལས་རྡོ་རྗེའི་གསུང་༡༢པ། ཕལ་ཆེ་ཆུང་ལས། འབྲས་བུ་འཐོབ་པ་རྒྱུན་མི་ཆད་པ་འབྱུང་། བྱ་བའི་དོན་ནི་འབྲས་བུའི་དུས་དང་སྒྲུབ་པའི་དུས་ལ་སོགས་བསྟན་པའི་གནས་བབས་སྐབས་རྒྱུན་ཞུགས་སོགས་ཀྱི་འབྲས་བུ་མང་ཉུང་བྱུང་བ་ལས་དེང་སྐབས་ལུང་གི་དུས་མཐའི་སྐབས་ཀྱང་འབྲས་བུ་གཏན་མི་འབྱུང་བ་ནི་མ་ཡིན་པར་འབྱུང་རུང་ཡིན་པའི་དཔེ་ལོ་རྒྱུས་འགའ་གསུངས་ཏེ་ཟླ་བའི་སྙིང་པོའི་མདོ་ལས། བསྟན་པ་ནུབ་ཀའི་དུས་སུ་རྒྱལ་པོ་དཔུང་དམར་ཅན་གྱི་རིང་ལ་དགྲ་བཅོམ་པ་དེས་པ་འབྱུང་བ་དང་། །མཁའགྲོ་མ་དུས་བྱུང་ལས། ཚེ་ལོ་བཅུ་པའི་དུས་སུའང་རྒྱལ་པོ་རྡོ་རྟ་ཅན་གྱི་རིང་ལ་དགྲ་བཅོམ་པ་གཉིས་འབྱུང་བར་གསུངས་ཤིང་། །ཚེ་ལོ་བཅུ་པ་ནས་ཡར་ཕེལ་སྐབས་དྲུག་བརྒྱའི་བར་གནས་བརྟེན་བཅུ་དྲུག་འབྱུང་བར་གསུངས་ནས་རང་གིས་སྒྲུབ་ན་དུས་དང་གནས་ཚད་ལ་དེ་ཙམ་མི་ལྟོས་པས་ངེས་པར་ཆོས་བསྒྲུབ་དགོས་པར་གསུངས། ། རྡོ་རྗེའི་གསུང་༡༣པ། ལྷག་པ་ཤེས་རབ་ཀྱི་བསླབ་པ་སྔོན་དུ་འགྲོ་བའང་ཡོད། བྱ་བ་ལ་ཞལ་སྔ་ནས། རྣམ་པ་ཐམས་ཅད་དུ་༼ཉམས་ལེན་ལ་བསླབ་གསུམ་གོ་རིམ་ཇི་བཞིན་པ་དེ་༽གཅིག་པུར་ཡང་མ་ངེས་ཏེ། ལྷག་པ་ཤེས་རབ་ཀྱི་བསླབ་པ་སྔོན་དུ་འགྲོ་བའང་ཡོད་གསུངས། །འདི་ལ་ནི་དབང་རྣོན་གྱི་སྐྱབས་སེམས་ལྟ་བུར་ཡིན་ནོ། །དེ་བཞིན་ལྟ་ཐོག་ནས་བསྒོམ་པ་འཚོལ་བ་དང་ཡང་མཚུངས་པ་ཡིན། །༈རྡོ་རྗེའི་གསུང་༡༤པ། ལམ་རིམ་ཐམས་ཅད་ཐུན་གཅིག་གིས་ཉམས་སུ་བླང་། བྱ་བའི་དོན་ནི། ལམ་ཡོངས་རྫོགས་ཤར་བསྒོམ་བྱས་ནས་སྐབས་སུ་གང་བབས་ལ་བརྩོན་པའི་དོན་ཡིན་སྙམ། །དཔེར་ན་ལམ་ཡོངས་རྫོགས་བསྡུས་པའི་ཉམས་ལེན་ལྔ་ལྡན་ལྟ་བུ། །༈རྡོ་རྗེའི་གསུང་༡༥པ། སངས་རྒྱས་མང་པོ་ཞིང་གཅིག་ཏུ་རྒྱུན་མི་ཆད་པར་འབྱུང་། བྱ་བ་ནི་དམ་པའི་ཆོས་པདྨ་དཀར་པོ་གསུངས་པའི་ཚེ་དེ་བཞིན་གཤེགས་པ་རིན་ཆེན་མང་ལ་སོགས་པ་སངས་རྒྱས་དཔག་ཏུ་མེད་པ་བྱོན་ནས་ཞིང་འདི་ཏིལ་གྱི་གང་བུ་ལྟར་གང་བ་གསུངས་པ་ལ་སོགས་ལ་དགོངས་ནས་གསུངས་ཡིན། །རྟེན་འབྲེལ་གནད་བསྡུས་ཀྱི་ཚོམས་༡༥རྫོགས་སོ།། །།

Thursday, 6 December 2012

རྗེ་མི་ལ་ལ་ར་འདའ་སློག་པ། །

Tenzin Lodoe ཡུལ་སྐྱ་རྔ་ཙ་ལ་ལྟེ་ཁྲག་བཅད། །གྲོ་བོ་ལུང་ལ་བླ་མ་བསྟེན། །དབེན་གནས་གངས་བྲག་ལ་རྒྱན་དུ་བྱས། །སྒྲུབ་བརྒྱད་ཀྱི་བསྟན་པའི་སྲོག་རྩ་ཞེས། །ས་གསུམ་ན་ཁྱབ་པའི་སྙན་གྲགས་ཅན། །ཁྱེད་མི་ལ་བཞད་པ་མ་ཡིན་ནམ། །ཁྱེད་ང་གཉིས་ལུས་ལ་ཁྱད་མེད་ཡང་། །སེམས་རྟོགས་པ་གནམ་སས་ལ་བཤན་ཕྱེ། །འོན་ཀྱང་བདེ་གཤེགས་སྙིང་པོར་གཅིག །ཚུལ་དགོངས་ཏེ་སེམས་ལའང་བྱིན་གྱིས་རློབས། །སྐྱ་རྔ་ཙ་ཡི་ཞེན་ཁོག་གིས། །ལུས་ལའང་བྱིན་གྱིས་བརླབ་ཏུ་གསོལ། །བསྟན་པ་ཕྱོགས་བཅུར་ཕེལ་བའི་ཕྱིར། །ལས་ལའང་རླུང་རྟ་དར་བ་མཛོད། །དེང་སང་ལུང་པ་གཅིག་པའི་བུར། །མཐུ་ཆེན་རྒྱལ་འགོང་གིས་བར་ཆད་བྱས། །སེམས་ནི་ཡེད་ཡེད་ལས་ཆོས་མ་ནུས། །ཉམས་ཆུང་དུ་གྱུར་ནས་གཞན་ཕན་མེད། །དལ་འབྱོར་བཟང་པོ་དེ་ཆུད་ཟོས་ལ་གནས། །མི་ཕལ་ཡང་ལུང་གཅིག་ཞེན་ཁོག་བྱེད། །དོན་མེད་ཀྱི་བྱ་བར་ཡང་ར་འདའ་སློག །ཁྱེད་འཇིག་རྟེན་ལ་ཨ་ཕོ་མཐུ་ཆེན་ཟེར། །ཆོས་ངོས་ནས་རྡོ་རྗེ་འཆང་ཆེན་དངོས། །ཅི་ཕྱིར་་བུ་ང་ཡལ་བར་དོར། །དོན་ཆེན་ལ་ར་འདའ་ཅིས་མི་སློག །སྔོན་དུས་བིནཡྐ་བཏུལ། །བདུད་དམག་བྱེ་བ་ཕམ་པར་མཛད། ད་ལྟ་རྒྱལ་འགོང་འདུལ་བར་མཛོད། བུ་དད་པ་ཅན་གྱི་བར་ཆད་སོལ།། །།མི་ལ་ཁྱེནོ།།མི་ལ་ཁྱེནོ།།མི་ལ་ཁྱེནོ། ཡུལ་སྐྱ་རྔ་ཙ་ལ་ལྟེ་ཁྲག་བཅད། །གྲོ་བོ་ལུང་ལ་བླ་མ་བསྟེན། །དབེན་གནས་གངས་བྲག་ལ་རྒྱན་དུ་བྱས། །སྒྲུབ་བརྒྱད་ཀྱི་བསྟན་པའི་སྲོག་རྩ་ཞེས། །ས་གསུམ་ན་ཁྱབ་པའི་སྙན་གྲགས་ཅན། །ཁྱེད་མི་ལ་བཞད་པ་མ་ཡིན་ནམ། །ཁྱེད་ང་གཉིས་ལུས་ལ་ཁྱད་མེད་ཡང་། །སེམས་རྟོགས་པ་གནམ་སས་ལ་བཤན་ཕྱེ། །འོན་ཀྱང་བདེ་གཤེགས་སྙིང་པོར་གཅིག །ཚུལ་དགོངས་ཏེ་སེམས་ལའང་བྱིན་གྱིས་རློབས། །སྐྱ་རྔ་ཙ་ཡི་ཞེན་ཁོག་གིས། །ལུས་ལའང་བྱིན་གྱིས་བརླབ་ཏུ་གསོལ། །བསྟན་པ་ཕྱོགས་བཅུར་ཕེལ་བའི་ཕྱིར། །ལས་ལའང་རླུང་རྟ་དར་བ་མཛོད། །དེང་སང་ལུང་པ་གཅིག་པའི་བུར། །མཐུ་ཆེན་རྒྱལ་འགོང་གིས་བར་ཆད་བྱས། །སེམས་ནི་ཡེད་ཡེད་ལས་ཆོས་མ་ནུས། །ཉམས་ཆུང་དུ་གྱུར་ནས་གཞན་ཕན་མེད། །དལ་འབྱོར་བཟང་པོ་དེ་ཆུད་ཟོས་ལ་གནས། །མི་ཕལ་ཡང་ལུང་གཅིག་ཞེན་ཁོག་བྱེད། །དོན་མེད་ཀྱི་བྱ་བར་ཡང་ར་འདའ་སློག །ཁྱེད་འཇིག་རྟེན་ལ་ཨ་ཕོ་མཐུ་ཆེན་ཟེར། །ཆོས་ངོས་ནས་རྡོ་རྗེ་འཆང་ཆེན་དངོས། །ཅི་ཕྱིར་་བུ་ང་ཡལ་བར་དོར། །དོན་ཆེན་ལ་ར་འདའ་ཅིས་མི་སློག །སྔོན་དུས་བིནཡྐ་བཏུལ། །བདུད་དམག་བྱེ་བ་ཕམ་པར་མཛད། ད་ལྟ་རྒྱལ་འགོང་འདུལ་བར་མཛོད། བུ་དད་པ་ཅན་གྱི་བར་ཆད་སོལ།། །།མི་ལ་ཁྱེནོ།།མི་ལ་ཁྱེནོ།།མི་ལ་ཁྱེནོ།

Like གྲོགས་མོ་གངས་དཀར་མཚོའི་ངོ་དེབ་ལ་མི་ལིའི་སྐུ་དཔར་འགྲེམས་པར་གསོལ་འདེབས་ཐལ་ལོ།

Tuesday, 4 December 2012

༣-༤ ༡༢ ༡༢ དགོངས་གཅིག་བྲིས། །

ཆོས་ཉིད་རྒན་མོ་ཨཕྱི་ལ་ན་མོ།

༣ ༡༢ ༡༢ དགོངས་གཅིག་ཆོས་འཁོར་འཚོམས་༣༠ལས་རྡོ་རྗེའི་གསུང་༢༥པ། བདག་པོ་འཕོས་པས་སྡོམ་པ་གསུམ་དུ་འོང་། ཞེས་བྱ་བའི་འདིའི་དོན་བསྡོམ་ལ། དཔེ་རྒྱལ་བློན་འབངས་གསུམ་གྱིས་གསེར་རྒྱན་འདོགས་ཚུལ་དང་ཟས་བཅུད་བསྟེན་པའི་དཔེས་མཚོན་སྟེ། འབངས་ཀྱིས་ཟས་བཅུད་བསྟེན་ཀྱང་བྱ་བ་ཕལ་པ། བློན་པོས་དེ་ལས་རྒྱ་ཆེ། རྒྱལ་པོས་དེ་ལས་རྒྱ་ཆེ་བ་ལྟར་དོན་དབང་པོ་རབ་འབྲིང་མཐའ་གསུམ་གྱིས་སྔགས་བྱང་སེམས་སོ་ཐར་གྱི་འཁྲིམས་སོ་སོར་བསྲུང་ཀྱང་དོན་མི་དགེ་བ་བཅུ་སྲུང་པ་ལས་ལོགས་སུ་མེད་གསུངས། །༈རྡོ་རྗེའི་གསུང་༢༦པ། ཁམས་རང་བཞིན་གྱི་རྣམ་དག་༼ལ་༽བྲལ་འབྲས་ཡོན་ཏན་དང་ལྡན། ཞེས་བྱ་བ་ལ་བསྡོམས་ནི། ལྷ་མོ་དཔལ་འཕྲེང་གིས་ཞུས་པའི་མདོ་ལས། དེ་བཞིན་གཤེགས་པའི་སྙིང་པོ་ནི་༼སྐྱོན་དང་༽བྲལ་ཤེས་པ། དབྱེར་ཡོད་པ། ཉོན་མོངས་པའི་སྦུབས་ཀྱིས་སྟོང་པ། ༼ཡོན་ཏན་དང་༽བྲལ་མི་ཤེས་པ། རྣམ་པ་དབྱེར་མེད་པར་སངས་རྒྱས་ཀྱི་ཆོས་གངྒའི་ཀླུང་གི་བྱེ་མ་སྙེད་ལས་འདས་པའི་ཡོན་ཏན་དང་ལྡན་པའོ། །ཞེས་པའི་མཚོན་སྙམ། །༈རྡོ་རྗེའི་གསུང་༢༧པ། བྱང་ཆུབ་ཀྱི་ཕྱོགས་ཆོས་སུམ་རྩ་བདུན་དེ་བཞིན་གཤེགས་པའི་སྙིང་པོར་ཡོད། འདི་ནི་རྡོ་རྗེའི་གསུང་༢༥པའི་འཕྲོས་དོན་ཡིན་གསུངས། །
༡༢ ༡༢ དགོངས་གཅིག་ཆོས་འཁོར་འཚོམས་༣༠ལས་རྡོ་རྗེའི་གསུང་༢པ། ཚད་མེད་པ་བཞི་དེ་བཞིན་གཤེགས་པའི་སྙིང་པོ་དང་སངས་རྒྱས་ཀྱི་ངོ་བོ་ཉིད། ཅེས་བྱ་བ་ནི་གོང་གི་གསལ་སྟོན་ནོ། །ཡང་ཕག་གྲུས། དེ་བཞིན་པའི་སྙིང་པོ་ཀུན་རྫོབ་ཀྱི་ཆ་ནས་ངོས་འཛིན་ན། ཁྲ་དང་སྤྱང་ཀི་ལ་སོགས་པ་གཅན་ཟན་དག་ཀྱང་རང་གི་བུ་སྨད་ལ་བྱམས་སྙིང་རྗེ་སྐྱེ་བ་དེ་ཡིན་གསུངས། །༈ རྡོ་རྗེའི་གསུང་༢པ། རྒྱལ་བའི་དགོངས་པ་རིགས་གཅིག་ཐེག་པ་གཅིག ཅེས་བྱ་བ་འདི་ལ་ལུང་ཡང་མཁན་པོས་སྒྲུང་འདི་གསུངས་སྟེ། སྤྱན་སྔ་ཤེར་འབྱུང་གིས་གསུམ་མགོན་ལ་ཁྱེད་དག་ཞིང་གང་ལ་ཕེབས་རྒྱུ་ཡིན་ཞེས་ལན་གསུམ་གྱི་བར་དྲིས་ཀྱང་དྲི་བ་གསུམ་ཀར། ང་ནི་ཕྱག་རྒྱ་ཆེན་པོ་སུས་བསྒོམ་ན་དེའི་མདུན་དུ་ཡོད་ཅེས་དགོངས་པ་ཕྱག་རྒྱ་ཆེན་པོར་གཅིག་ཏུ་འདྲེས་པའི་རྟགས་ཡིན་ཞེས་སྤོབས་དད་ཆེན་པོས་གསུངས། ། རྡོ་རྗེའི་གསུང་༣༠པ། ལོག་སྲེད་ཅན་དང་ཉན་ཐོས་ཀྱང་མཐར་བྱང་ཆུབ་ཆེན་པོར་འགྱུར། ཞེས་བྱ་འདི་སླར་ཡང་གལ་པོ་ལ་ནན་ཏན་གྱིས་གསུངས། འདིའི་དོན་ལུང་གཙོ་བོ་འདྲེན་ཏེ། ཟླ་སྒྲོན་མདོ་ལས། བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ། །འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད། །ཅེས་གསུངས་ཤིང་། ཆེད་འཚོམས་ལས། བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་གྱུར། ། བདག་ཉིད་བདག་གི་མགོན་གྱུར་བའི། །མཁས་པས་དོན་རྣམས་ཐོབ་པར་འགྱུར། །ཞེས་ཤོལྐོ་ཕྱི་མ་ཕྱེད་དེ་གསར་དུ་གོ་བས་འདིར་བྲིས། །དེ་བཞིན་འདིའི་སྐབས་སུ་མཁན་པོས། དང་པོ་བླ་མར་བླ་མ་བསྟེན། །བར་དུ་དཔེ་ཆར་བླ་མ་བསྟེན། །མཐའ་མར་རང་སེམས་བླ་མ་བསྟེན། །ཞེས་པ་ནི་ཉམས་མྱོང་གིས་ཚིག་གོ །ཆོས་འཁོར་གྱི་ཚོམས་༣༠རྫོགས་སོ།། །།

Sunday, 2 December 2012

༣༠-༢ ༡༡ ༡༢ དགོངས་གཅིག་ཟིན་བྲིས།


༣༠ ༡༡ ༡༢ དགོངས་གཅིག་ཆོས་འཁོར་འཚོམས་༣༠ལས་རྡོ་རྗེའི་གསུང་༡༢པ། ལམ་ཐམས་ཅད་ས་བཅུས་བགྲོད། ཞེས་བྱ་བ་དང་། ༈ རྡོ་རྗེའི་གསུང་༡༣པ། ལམ་ཐམས་ཅད་རིམ་གྱིས་འཇུག ཅེས་བྱ་བ་འདི་གཉིས་སྒྲུབ་ཚུལ་གཅིག་འདྲ་སྟེ། འགྲེལ་པ་ལས། དཔེར་ན་གོས་བརྒྱད་དམ་བཅུ་བརྩེགས་ནས་མང་པས་མདའ་རྒྱབ་ན་མདའ་ཤུགས་ཆེ་བ་ཀུན་གྱིས་དུས་གཅིག་ལ་ཕུག་ནས་འགྲོ་སྟེ། དེ་ཡང་ཕྱི་མ་མ་ཕུག་པར་ནང་མ་བརྒྱད་པའམ་བཅུ་པ་དེ་ཕུག་པ་མ་ཡིན། རིམ་པ་བཞིན་དུས་གཅིག་ལ་ཕུག་པ་དང་འདྲ། མདའ་ཤུགས་ཆུང་བས་གཅིག་གཉིས་གསུམ་བཞི་ནས་བརྒྱད་དམ་བཅུའི་བར་རིམ་པ་བཞིན་དུ་༼ག་ལེར་༽ཕུག་པ་དང་འདྲ་སྟེ། ཞེས་གསུངས་པ་དཔེ་དེས་གོ་ནུས་སོ། །
༈ རྡོ་རྗེའི་གསུང་༡༤པ། ཤེས་སྒྲིབ་སྔོན་ལ་སྤོང་བ་ཡང་ཡོད། ཅེས་བྱ་བ་ནི་དུས་རྒྱུན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤེས་སྒྲིབ་སྤང་བྱ་གཙོ་བོར་བྱས་ནས་སྤངས་པས་ཉོན་སྒྲིབ་སོགས་སྒྲིབ་པ་གཞན་རྣམས་ཞར་ལ་སྤོང་བ་དང་ཆོས་མཚུངས་སྙམ། །
༈ རྡོ་རྗེའི་གསུང་༡༥པ། ཚད་མ་སངས་རྒྱས་ཀྱི་ཡེ་ཤེས། འདིའི་སྐབས་རྣམ་འགྲེལ་གྱི་ཚད་མའི་ལེའུ་གསུངས། ། ༈ རྡོ་རྗེའི་གསུང་༡༦པ། ཚད་མའི་འབྲས་བུ་ཆོས་ཉིད་སྟོང་པ་ཉིད། འདི་ལ་མངོན་སུམ་བཞིས་ཆོས་ཉིད་རྟོགས་ཚུལ་གསུངས་ཏེ། དབང་མངོན་གྱིས་མ་རྟོགས། ཡིད་མངོན་གྱིས་དོན་སྤྱི་ཚུལ་གྱི་རྟོགས། རང་རིག་གིས་ཞི་གནས་སྒྲུབ། རྣལ་འབྱོར་གྱིས་ལྷག་མཐོང་སྒྲུབ་ནས་ཆོས་ཉིད་མངོན་སུམ་དུ་རྟོགས་ཞེས་སྔར་མ་ཐོས་པ་ཞིག་གསུངས་ཏེ། འགྲེལ་པ་ལས། ཕྱི་མ་གཉིས་ཀྱིས་ཞི་གནས་དང་ལྷག་མཐོང་གི་ཏིང་ངེ་འཛིན་སྒྲུབ་ཚུལ་ཡོད་པས། ཏིང་ངེ་འཛིན་གཉིས་པོ་དེས་ཆོས་ཉིད་རྟོགས་པར་ཐམས་ཅད་མཐུན་ཏེ། ཞེས་གསུངས། །༈ རྡོ་རྗེའི་གསུང་༡༧པ། གྲུབ་མཐའ་འཛིན་པ་ཐམས་ཅད་རང་རྒྱུད་པ། ཞེས་བྱ་བའི་བསྡོམ་ནི། འཛིན་པ་བྱུང་ན་ལྟ་བ་མིན། །གསུངས་པ་ལྟར་རེད་གསུངས། །
༡ ༡༢ ༡༢ དགོངས་གཅིག་ཆོས་འཁོར་འཚོམས་༣༠ལས་རྡོ་རྗེའི་གསུང་༨པ། མུ་སྟེགས་པ་ལའང་གཤིས་ཀྱི་དགེ་བ་བསྒྲུབ་བྱ་མང་པོ་ཡོད། །ཅེས་བྱ་བ་འདི་འཇམ་མགོན་མི་ཕམ་པས། བཅོམ་ལྡན་འདས་ཀྱིས་བདུད་སྡིག་ཅན་གྱིས་ཆོས་འཆད་པ་ལ་ལེགས་སོ་གསུངས་པ་བཞིན་རེད་འདུག །༈ རྡོ་རྗེའི་གསུང་༡༩པ། ཕྱི་ནང་གི་ཁྱད་པར་སྐྱབས་སུ་འགྲོ་བ། ༈རྡོ་རྗེའི་གསུང་༢༠པ། ཐེག་པ་ཆེ་ཆུང་གི་ཁྱད་པར་སེམས་བསྐྱེད། །
༢ ༡༢ ༡༢དགོངས་གཅིག་ཆོས་འཁོར་འཚོམས་༣༠ལས་རྡོ་རྗེའི་གསུང་༢༡པ། སྔགས་མཚན་ཉིད་ཀྱི་ཁྱད་པར་དབང་། །ཞེས་བྱ་བ་འདི་ལ་མདོས་ཚེ་གཅིག་ལ་བྱང་ཆུབ་སྒྲུབ་པ་ཡོད་པ་དཔེ་གཅིག་ལ་འདི་ལྟར། བརྒྱད་སྟོང་ལས་བྱང་སེམས་རྟག་ཏུ་ངུ་ཤེར་ཕྱིར་འཚོལ་བར་ཞུགས་དུས་ཚོགས་ལམ་ཆུང་ངུ་། དེ་བཞིན་གཤེགས་པས་ཁྱོེད་ཤར་ཕྱོགས་སུ་སོང་ཞིག་དང་། ཤེར་ཕྱིན་ཐོས་པར་འགྱུར་རོ། ཞེས་ལུང་བསྟན་པའི་དུས་ཚོགས་ལམ་འབྲིང་། དེ་ལ་བརྟེན་ནས་ཏིང་ངེ་འཛིན་གྱི་སྒོ་མང་པོ་ཐོབ་པའི་དུས་ཚོགས་ལམ་ཆེན་པོ། བརླ་གཡས་པ་ཤ་མེད་པར་བཏོགས་ནས་རུས་པ་བརྩིགས་པའི་དྲུང་དུ་བཅོག་པར་སོང་བའི་དུས་སྦྱོར་ལམ་ངེས་འབྱེད་ཆ་བཞིའི་གཉིས་པ་བཟོད་པ། བདེན་པའི་བྱིན་རླབས་ཅི་བཞིན་གྲུབ་པ་ནམཁའ་མཛོད་ཀྱི་ཏིང་ངེ་འཛིན་ལ་དབང་། དེ་མ་གྲུབ་བར་སྦྱོར་ལམ་མི་འོང་བས་དེ་གྲུབ་པས་སྦྱོར་ལམ་གཞན་རྣམས་སོང་ཟིན། ཆོས་འཕགས་ཀྱི་དེ་བཞིན་གཤེགས་པ་འགྲོ་མེད་པར་གསུངས་པས་ས་དང་པོ་ཆོས་ཉིད་ཀྱི་བདེན་པ་མཐོང་། ཆོས་འཕགས་ལོ་བདུན་ཏིང་ངེ་འཛིན་ལ་བཞུགས་དུས་རྟག་ཏུ་ངུས་མ་དག་ས་བདུན་གྱི་ས་ནོན། ཆོས་འཕགས་ཏིང་ངེ་འཛིན་ལས་བཞེངས་ནས་ཆོས་ཐམས་ཅད་མཉམ་པ་ཉིད་གསུངས་པས་ས་བརྒྱད་པ་ནོན། མཉམ་པ་ཉིད་སྤྲོས་པའི་ཚུལ་གྱིས་དགུ་པ་ནོན། སྟོང་ཉིད་རྒྱུ་འབྲས་སུ་འབྱུང་བའི་དོན་བསྟན་པས་ས་བཅུ་པ་ཐོབ་སྟེ། ལོ་བདུན་གྱིས་འབྲས་བུ་གྱ་ནོམ་པ་ཐོབ་པ་འདི་མཚན་ཉིད་ཐེག་པ་ལ་ཡོད་པས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་ཚེ་གཅིག་གིས་ཐོབ་པའི་ཡོན་ཏན་དང་མངོན་རྟོགས་དེ་ལས་མཐོ་བ་ནི་སྔགས་ཀྱི་སློབ་དཔོ་ཨིནྡྲ་བོ་དྷི་ལ་འང་མེད་པ་དང་།ཞེས་གསུངས་པ་འདི་སྔར་གཞན་དུ་མ་ཐོས་སོ།། །།༈ རྡོ་རྗེའི་གསུང་༢༢པ། སྔགས་མཚན་ཉིད་གང་མེད་ཀྱང་རྫོགས་པའི་བྱང་ཆུབ་མི་འཐོབ། །༈རྡོ་རྗེའི་གསུང་༢༣པ། སྡོམ་པ་གསུམ་ཡང་སྤང་བྱ་མི་དགེ་བ་བཅུ་སྤོང་བ། །ཞེས་བྱ་བ་འདི་བསྡོམས་ལ། འཇིག་རྟེན་གསུམ་མགོན་གྱིས། སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་སྔགས་ཀྱི་བསྡོམ་པ་ཡིས། །དམ་ཚིག་སྡོམ་པ་གང་བསྲུང་བ། །ཉོན་མོངས་དུག་གསུམ་སྤོང་བར་བྱ། །ཞེས་གསུངས།། །།

Thursday, 29 November 2012

རྨི་ལམ་གྱི་སྒྲུང་སྙན་པོ་ཐུང་ངུ་། །


༈ ཁེ་ཉིན་ཞོགས་པའི་རྨི་ལམ་བཏང་པའི་སྒྲུང་ཞིག་བཤད་སྙིང་འདོད་དེ། གསུང་ཆོས་ཚུགས་པ་ལྟ་བུ་ང་དང་གྲྭ་རོགས་འགའ་ཞིག་ཐེག་ཆེན་བཙུག་ལག་ཁང་གི་མཐའ་སྟེ་ལྕགས་རའི་ཕྱི་ལ་བསྡད་ཀྱང་ལྕགས་ར་གོག་གྲབས་བྱེད་ཀྱི་འདུག་པས་ལྕགས་རའི་ནང་དུ་ཚུད་ཙམ་ཞིག་ལ་བསྡད་སོང་། དེ་ནས་ཆར་ཐིག་རེ་གཉིས་རྒྱབ་སོང་བས་གནམ་ལ་བལྟས་པས་རྦད་དེ་སྨུག་པ་འཁྲིག་ནས་སྨུག་པ་མ་གཏོགས་མཐོང་ཡེ་གང་ཡང་མིན་འདུག ངས་གྲྭ་རོགས་ཚོ་ལ་རྩེད་མོ་དང་སྦྲག་ལག་པས་སྨུག་པ་དབྲལ་བའི་ལྟངས་ཁ་དང་ཕུས་སྨུག་པ་གཏོར་ཁུལ་བྱས་པའི་མཚམས་ཤིག་ན་སྨུག་པ་རལ་བའི་བར་ན་སྐར་ཆེན་ལྟ་བུའི་འོད་ཆེན་ཞིག་ཤར་བས་ཉི་མ་ཤར་སོང་ལབ་པས་སྐར་ཆེན་ནི་ཡུས་ཙམ་ལས་མ་ཤར་བས་རོགས་པ་ཚང་མ་བགད་མོས་རིལ། །དེ་འདྲའི་བར་གཅིག་ལ་༸གོང་ས་མཆོག་འཕེབས་ནས་ཙུག་ལག་ཁང་བསྐོར་བ་གཅིག་གནང་སྟེ་བཞུགས། ངས་ཀྱང་ཕེབས་ལམ་ལ་མཇལ་ཁ་ཡག་པོ་ཞུས་པ་ཡིན། །དེ་དུས་བཙུག་ལག་ཁང་ཡང་མཆོད་རྫས་བསམ་གྱི་མི་ཁྱབ་པས་ཁེངས་ནས་དུས་རྒྱུན་དང་མི་འདྲ་བ་འདུག །དེ་འདྲའི་དུས་གཅིག་ལ་ཐང་སྟོང་གྲུབ་ཐོབ་ཐུགས་ཐིག་གི་བཀའ་བརྒྱད་བདེ་འདུས་ལྟ་བུ་བཀའ་བརྒྱད་ལས་བྱང་ཆུང་བ་ལྟ་བུ་ཞིག་གྱེར་བའི་རྣམ་པ་བྱུང་། །ང་སྡོད་ས་གྲལ་མཐའ་ནས་དད་པ་འདི་ལྟར་སྐྱེས་སྔར་སློབ་དཔོ་ཆེན་པོ་པདྨས་དེ་ལྟ་བུའི་བཀའ་བརྒྱད་ཀྱི་དཀྱིལ་འཁོར་དེ་འདྲ་ཞལ་ཕྱེ་ནས་བོད་འབངས་བདེ་ལ་བཀོད་ད་ལྟ་ཡང་༸གོང་ས་མཆོག་སྟོན་འཁོར་རྣམས་ཀྱི་བོད་འབངས་ཀྱི་བདེ་སྐྱིད་ཀྱི་དེ་ལྟར་གནང་བཞིན་འདུག་བསམ་ནས་དད་པ་ལྷག་པར་འཕེལ་བའི་མོས་ལ་ཕྱོགས་ག་ས་ནས་ལྷ་ཁོག་བརླམས་མང་པོ་བྱུང་བའི་ཟིང་གི་ངང་༸གོང་ས་མཆོག་གི་གཡོན་ཕྱོགས་དུས་རྒྱུན་མི་དྲག་སྡོད་ས་ནས་རྒྱ་མིའི་ལྷ་རེད་ཟེར་བ་གཉིས་ཕེབས་ནས་གཅིག་གིས་ནི་གསལ་སྣང་མ་བྱུང་ཀྱང་རལ་གྲི་ཐོགས་ནས་༸གོང་ས་མཆོག་འཁྲིས་སུ་རྒྱུག་ནས་རྒོལ་བའི་རྣམ་པ་བྱུང་བས་ལམ་སེང་སྐུ་འཁོར་དྲག་བཙན་ཞིག་གིས་པང་དུ་ཀྱག་ནས་ཕྱི་རོལ་ལ་འབུད་དེ་དང་མཉམ་དུ་རྒྱ་འདྲེ་གཞན་ཀྱང་མི་གཞན་ཞིག་གིས་ཕུད་སོང་། །དེ་ནས་གང་མཚམས་སོང་ནས་༸གོང་ས་མཆོག་ཉིད་ཀྱང་བྱིན་ཕེབས་ནས་ལྷ་ཕེབས་པའི་རྣམ་པ་བྱུང་ང་ཡང་མདུན་དུ་སླེབས་འདུག་འོན་ཀྱང་ངའི་མདུན་དུ་༸གོང་ས་མཆོག་གི་རྣམ་པ་མེད་པར་མི་ཞིག་ལ་ཐུགས་ཀྱི་རྒྱལ་པོ་ཕེབས་འདུག་ང་རང་གི་བསམ་པར་འདི་ཐུགས་རྒྱལ་ཡིན་པས་ལུང་གནང་ཨ་ཡོང་བསམ་ཡང་ཧར་སྒྲའི་ངང་ལུང་འདི་ལྟར་གསུངས་ཀྱི་། ཁྱེད་རྣམས་དམ་ཚིག་ཡག་པོ་སྲུང་འདུག ཊུ་ཤི་ཏར་བར་ལམ་དཀའ་ངལ་ཕྲད་པ་ནི་དམ་ཚིག་ཉམས་པའི་སྐྱོན་མ་ཡིན། ངའི་ཡེ་ཤེས་ཀྱི་མིག་གཅིག་དེས་མིག་འདི་གཉིས་བརྒྱུད་ནས་ཐམས་ཅད་ཤེས་ཟེར་བའི་མུར་ང་རང་གཉིད་སད། དེ་དུས་ང་རང་ཡང་སྤོབས་པ་ཆེན་པོས་ཐུགས་རྒྱལ་ཁོག་ཞུགས་བྱེད་བཞིན་པ་དེ་ལ་མིག་ཆེར་བལྟས་ཤིང་ལུང་རྣ་མཆོག་གིས་ལྷང་ངེར་ཉན་བཞིན་འདུག །ཧ་ཧ་སྒྲུང་སྙན་པོ་བྱུང་ངམ། ཁྱེད་ལྷ་སྒྲུང་དགའ་པོ་ཡོད་པ་རྣམས་ཀྱི་ཆེད་དུ་བསམ་ནས་བཤད། །སྙན་པོ་བྱུང་བའི་རེ་བ་ཡོད། །སང་ཉིན་ནི་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་ལ་གསུང་ཆོས་དབུ་འཛུགས་གནང་གི་རེད། །ང་རང་འདི་ནས་སྨོན་ལམ་འདེབས་སོ།། །།

དགོངས་གཅིག་ཟིན་བྲིས།། །།༢༩ ༡༡ ༡༢


༈ དགོངས་གཅིག་ཆོས་འཁོར་འཚོམས་༣༠ལས་རྡོ་རྗེའི་གསུང་༨པ། ཐེག་པ་སྣ་ཚོགས་སྟོན་པ་ཉིད་ངེས་དོན་ཆོས་ཀྱི་འཁོར་ལོ། །ཞེས་བྱ་བ་འདི་ལ་མི་འདྲ་བ་མིན་འདུག །སྤྱིར་བཏང་བྱས་ན་འཁོར་ལོ་ཐ་མ་འདི་ལ་ལེགས་པར་རྣམ་འབྱེད་དང་ངེས་དོན་གྱི་འཁོར་ལོ་ཞེས་གཉིས་སུ་བཞེད།། །།
༈ དགོངས་གཅིག་རྡོ་རྗེའི་གསུང་༩པ། མཐའ་དྲུག་ཏུ་གསུངས་པ་ཐམས་ཅད་ངེས་དོན་འབའ་ཞིག །ཅེས་བྱ་བ་འདི་ལ་དམིགས་གསལ་མི་འདྲ་བ་མིན་འདུག་སྟེ། དེ་ནི་དྲུག་པོ་༼དྲང་དོན་དང་ངེས་དོན། དགོངས་པ་ཅན་དང་དགོངས་མིན། སྒྲ་ཇི་བཞིན་དང་སྒྲ་ཇི་བཞིན་མ་ཡིན་པ།༽ཐམས་ཅད་གདུལ་བྱའི་དོན་ལ་མི་བསླུ་བར་ངེས་པས་ན་ངོས་ངེས་དོན་དུ་བཞག་འདུག། །།
༈ དགོངས་གཅིག་རྡོ་རྗེའི་གསུང་༡༠པ། སེམས་ཙམ་སྟོན་པའི་བཀའ་ཉིད་དབུ་མ་སྟོན། ཞེས་བྱ་བ་འདི་ལ་མི་འདྲ་བ་འདུག །དེའི་རྒྱུ་མཚན་རྒྱལ་བའི་བཀའ་དང་དགོངས་འགྲེལ་མཁན་པོ། ཕག་མོ་གྲུབ་པའི་གསུང་བཅས་གསུམ་གསུངས་པའི་གཉིས་པར། དུས་རྒྱུན་དབུ་མ་རྩ་ཤེའི་བཤད་བྱ་རྩ་བའི་མདོ་ཡུམ་མདོ་ཡིན་བསམ་ཡང་། འདིར། བྱེ་བྲག་ཏུ་དབུ་མ་རྩ་བའི་ཤེས་རབ་ནི་ལང་ཀར་གཤེགས་པ་ཁོ་ན་ལ་བརྟེན་ནས་མཛད། ཅེས་གསུངས་པ་མཁན་པོས་གསུངས་དོན། དབུ་མ་རྩ་བའི་ཚིག་ནང་ཡུམ་གྱི་རྩ་ཚིག་ཀཏྱན་ཞེས་པའི་ཚིག་འདི་མ་གཏོགས་རྩ་ཚིག་གཅིག་ཀྱང་མེད། དེ་བཞིན་ལང་གཤེགས་བོད་དུ་ཆ་ཚང་བསྒྱུར་མ་ཐུབ་པ་མ་གཏོགས་ལང་གཤེགས་ལ་ལེའུ་༢༧ཡོད་པ་དེའི་འགྲེལ་པ་རྩ་ཤེ་ལའང་རབ་འབྱེད་ཉེར་བདུན་ཡོད་པ་སོགས་གསུངས། །དེ་བཞིན་ཟླ་བ་གྲགས་པས་ཀྱང་། དབུ་མ་འཇུག་པ་ས་བཅུའི་མདོ་ཁོ་ན་ལ་བརྟེན་ནས་མཛད་པས། ཞེས་གསུངས་པས་དུས་རྒྱུན་འཇུག་པ་རྩ་ཤེའི་དོན་འགྲེལ་དུ་གསུངས་ཀྱང་འདིར་མདོ་སྡེ་ས་བཅུའི་འགྲེལ་པར་གསུངས། དེས་ན་ལང་གཤེགས་སེམས་ཙམ་སྟོན་པའི་མདོ་དང་། ས་བཅུ་ཕལ་ཆེན་གྱི་ནང་གསེས་དང་ཕལ་ཆེན་ཀྱང་སེམས་ཙམ་གྱི་མདོ་ཡིན་པས། སེམས་ཙམ་སྟོན་པའི་བཀའ་ཉིད་དབུ་མ་སྟོན་པའི་བཀར་ངེས། །ཞེས་གསུངས་སོ།། །།
༈ དགོངས་གཅིག་རྡོ་རྗེའི་གསུང་༡༡པ། ལོག་པའི་ཀུན་རྫོབ་ཀྱིས་ཀྱང་དོན་བྱེད་ནུས། ཞེས་བྱ་བ་ཡང་ལོག་དེ་ནི་མཁས་པ་སོ་སོའི་བཞེད་ཚུལ་ཡིན་པ་འདྲ་སྟེ། དུས་རྒྱུན་དཔེར་ན་ཟླ་བ་ཟླ་བའི་དོན་བྱེད་ནུས་པ་དང་པོ་དང་། ཆུ་ཟླ་ཟླ་བའི་དོན་བྱེད་མི་ནུས་པ་གཉིས་པ་ལྟ་བུ་ཡིན་རུང་། །འདིར་དགེ་བ་རྣམས་དང་པོ་དང་། སྡིག་པ་རྣམས་གཉིས་པར་གསུངས་པ་དང་། །དཔལ་སྤྲུལ་གྱིས་གསང་སྙིང་རྗེས་སུ་འབྲངས་ནས་དག་མཉམ་གྱིས་ཡེ་ཤེས་ལས་ཤར་བའི་ལྷ་སྔགས་དང་པོ་དང་། ཐལ་མལ་གྱི་སྣང་བ་རྣམས་གཉིས་པར་བཞེད་འདུག་པས་སོ།། །།

Wednesday, 28 November 2012

འབྲི་གུང་དགོངས་གཅིག་ཞུ་བའི་གོ་སྐབས་ཐོབ་པ། །


དངོས་གནས་རྟེན་འབྲེལ་ཞེས་པ་དེ་ལ་ཡ་མཚན་མིན་འདུག་ཟེར་ན་ནི་ཏོག་ཚོད་ཡོད་པའི་བཟོ་འདུག ངས་ད་ནས་བསམ་མནོ་བཏང་ན་ལོ་བཅུའི་ཚོ་སྔོན་ལ་འབྲི་གུང་མཁན་ཆེན་དཀོན་མཆོག་རྒྱལ་མཚན་མཆོག་ལ་ང་དགོངས་གཅིག་གི་འཁྲིད་གཅིག་ཞུ་སྙིང་འདོད་ཀྱི་འདུག དེའི་འཁྲིད་གཅིག་གནང་རོགས་ཞུས་ཀྱང་ད་ལྟ་ཡོང་གི་མ་རེད་མ་འོངས་པར་ངས་བྱེད་ཆོག་གསུངས་ནས་དཔེ་ཆ་འང་གནང་། །ངས་བསམ་པར་ལོ་རེ་གཉིས་རྗེས་སུ་ཐོབ་ཡོང་བསམ་ཀྱང་གཏན་མ་བྱུང་། ད་ལོ་མང་པོ་ཕྱིན་ཙང་གཏན་ནས་ཐོབ་ས་མ་རེད་བསམ། དཔེ་ཆའང་གང་དུ་བཞག་མེད་མ་ཤེས་ཙམ་དུ་ཐོར།་།ཁྱད་མཚར་ད་ལོ་དྷ་རམ་ས་ལར་དགུན་ཁ་བསྡད་ན་འཁྱག་ཡོང་བསམ་ནས་ལྷོ་ཕྱོགས་ལ་༸གོང་ས་མཆོག་གི་གསུང་ཆོས་དང་སྟབས་བསྟུན་དགུན་ཁ་ལྷོ་ཕྱོགས་ལ་སྐྱིད་པོ་བྱེད་བསམ་པ་ཡོད་པ་མ་ཚད་འགྲོ་རོགས་ཀྱང་ཐེབས་ནས་ཟླ་༡༡ཚེས་༢༡དགོང་མོར་རྡ་སའི་གསུང་ཆོས་ཚར་པ་དང་ཐོན་རྒྱུ་ཐག་བཅད། འོན་ཀྱང་ཚེས་༡༧ཞོགས་པར་གྲོགས་པོས་ཁ་པར་སླེབས་ནས་བཤད་དོན། ད་ལྟ་འབྲི་གུང་ལ་མཁན་ཆེན་དཀོན་རྒྱལ་མཚན་གྱིས་དགོངས་གཅིག་གནང་གི་འདུག་ང་ཡང་འགྲོ་གི་ཡོད་ཁྱེད་རང་ཡོང་ན་ཁང་པ་དང་ཁ་ལག་ངས་འབུལ་ཆོག་ཟེར། །དེ་ནས་ང་ནི་ཅི་བྱེད་འདི་བྱེད་མ་བྱུང་། འགྲོ་བ་ལ་ནི་ལྷོ་ཕྱོགས་ལ་འགྲོ་རྒྱུའི་གྲོགས་དང་སྟབས་བསྒྲིགས་ཚར་པ་ཡིན། །མ་འགྲོ་ན་ནི་ལོ་བཅུ་ཚོད་གོང་གི་རེ་བསྒུག་གཅིག་ད་རེས་འདུག་ཅིང་མ་འོངས་པར་དཀའ་མོ་ཡིན་པས་ཅི་དྲག་སྙམ།་།ད་དུས་ཚོད་མིན་འདུག་པས་ཐག་རྦད་ཀྱི་བཅད་ནས་འགྲོ་རོགས་ལ་ད་དགོངས་པ་ཁྱོན་ནས་མ་འཚོམ་ང་དྷ་ར་དྷུན་ལ་འགྲོ་དགོས་བྱུང་སོང་བས་བྱ་ཐབས་མིན་འདུག་ཞུས་པས་ཁོ་རླུང་གིས་འཁྱེར་ནས་ང་ལས་ཆུང་བ་ཡིན་ཡང་ཁོས་ཁ་བཀྱོན་པ་ལ་བཟོད་སྒོམ་མ་བྱེད་རང་བྱེད་ཀྱིས་མཐར་ངས་ཁྱོད་ལ་ལྷོ་ཕྱོགས་ལ་འགྲོ་རྒྱུའི་ལམ་མགྲོན་སྒོར་༢༥༠༠འབུལ་ཆོག་དགོངས་དག་ངས་རྐང་བཙུགས་ནས་བྱས་མེད་ཆོས་དེ་ངས་ལོ་ལྔ་འམ་བཅུའི་ཚོ་གོང་ནས་འགུག་ཡོད་བྱས་པས་ཁོ་རླུང་ཤི་སོང་། །ད་ང་རོགས་པ་གཞན་པ་འཚོལ་བ་ལས་འོས་ཡོད་མ་རེད་ཟེར་ནས་ཆད། །ཁྱད་མཚར་ངས་ལས་ཀ་ཞིག་བྱེད་དུས་ཡིན་གཅིག་ཟང་ང་ཟིང་ངེ་གཅིག་ཡོང་དགོས་ཀྱི་ཡོད་པ་འདྲ། །ད་གང་ལྟར་དགོངས་གཅིག་ཞུ་བའི་གོ་སྐབས་ཐོབ་ནས་ད་ལྟ་དགོངས་གཅིག་ཞུ་བཞིན་ཡོད་དོ།། །།
སྐྱོབ་པ་འཇིག་རྟེན་གསུམ་མགོན་ལ་ན་མོ། 
དགོངས་གཅིག  །སྐྱོབ་པ་འཇིག་རྟེན་གསུམ་མགོན་དགུང་ལོ་༣༥ལ་སངས་རྒྱས་ནས་༧༣བར་ལོ་ངོ་༤༠ཚོད་ཆོས་གསུངས་པ་རྣམས་ལས་རྡོག་ཧྲིལ་གྱིས་ཉམས་ལེན་དུ་དྲིལ་ནས་སྤྱན་སྔ་ཤེས་རབ་འབྱུང་གནས་ཀྱིས་གསུངས་པའི་དམ་ཆོས་པའི་དགོངས་པ་གཅིག་པ་ལ། རྩ་བ་རྡོ་རྗེའི་གསུང་བརྒྱ་ལྔ་བཅུ་པ་འཚོམས་དུ་བདུན་བཅད་པ་དང་། ལྷན་ཐབས་རྡོ་རྗེའི་གསུང་བཞི་བཅུ་པ་སྟེ་བསྡོམས་རྡོ་རྗེའི་གསུང་ཉི་བརྒྱ་ཡོད་དོ། །དེ་བཞིན་འདུལ་བའི་འཚོམས་ཞིག་ལོགས་སུ་ལྷན་ཐབས་ཡོད། །དེ་བཞིན་འཆིངས་རྣམ་པ་བཞི། ས་བཅད། ཁོག་དབུབ་དང་བཅས་པ་འདུག་གོ། །།ཀུན་གྱི་བསྡོམས་ཆེན་ནི། རྡོ་རྗེའི་གསུང་ཚིག་དང་པོ། སངས་རྒྱས་ཀྱི་ཆོས་ཐམས་ཅད་བབས་ཀྱི་གནས་ལུགས་བསྟན། ཞེས་བྱ་བ་འདི་ལ་དམ་ཆོས་དགོངས་གཅིག་གནད་ཐམས་ཅད་འདུས་གསུངས། དེའི་དོན་ནི་སངས་རྒྱས་ཀྱིས་གང་གསུངས་པ་རྣམས་རང་འཚམས་ཀྱིས་གསུངས་པ་མ་ཡིན་པར་རྟེན་འབྲེལ་གྱི་བགྲོས་ཆོས་ཀུན་གྱི་གཤིས་སམ་བབས་ཀྱི་གནས་ལུགས་ལས་མི་འདའ་བར་གསུངས། དེས་ན་དེ་ལས་མ་འཕྲོས་པའི་ཆོས་གཞན་གསུང་རྒྱུ་མེད་པས་རྡོ་རྗེའི་གསུང་དང་པོ་དེ་ནི་དགོངས་གཅིག་ལུས་ཡོངས་སུ་རྫོགས་པ་སྙིང་བསྡུས་ཆེན་པོ་ཡིན་གསུངས་སོ།། །།ང་རང་ལ་ཉམས་མྱོང་བྱུང་བ་ལྟར་ན་དབུ་ཕར་བལྟས་ཟིན་པ་ཞིག་བལྟ་ན་བཟང་ཞིང་གང་གིས་ན་འདི་ནི་བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་ཞིབ་ཆ་ཡག་པོ་ཞིག་རེད་འདུག་སྙམ་པས་ཚོར་བ་བྱུང་། །མཁན་པོས་ནི་ཉམས་ལེན་གཙོ་བོར་སྟོན་པའི་གསུང་ཡིན་པས་ཉམས་ལེན་ཡག་པོ་གནང་དགོས་པའི་བསྐུལ་མ་རྟག་ཏུ་གནང་ངོ་།། །།ད་ལྟ་མཁན་པོས་སྤྱན་སྔ་རྡོ་རྗེ་ཤེས་རབ་ཀྱི་དགོངས་གཅིག་འགྲེལ་ཆེན་སྣང་མཛད་ཡེ་ཤེས་སྒྲོན་མེ་གསུངས་བཞིན་ཡོད་དོ།། །།

Sunday, 25 November 2012


སྒྲོལ་མའི་བསྟོད་པ་དང་དེའི་ཕན་ཡོན་སོགས་བཞུགས་སོ། །
༄ ༅། ། ན་མོ་ཨཱརྱ་ཏ་ར་ཡེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེའི་གཏེར་ལ་ཕྱག་འཚལ་ལོ། །པོ་ཏ་ལ་ཡི་གནས་མཆོག་ནས། །ཏཾ་ཡིག་ལྗང་གུ་ལས་འཁྲུངས་ཞིང་། །ཏཾ་ཡིག་འོད་ཀྱིས་འགྲོ་བ་སྒྲོལ། །སྒྲོལ་མ་འཁོར་བཅས་གཤེགས་སུ་གསོལ། །ལྷ་དང་ལྷ་མིན་ཅོད་པན་གྱི། །ཞབས་གཉིས་པདྨོ་ལ་བཏུད་ནས། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ།། །།
༄༅། །རྗེ་བཙུན་འཕགས་མ་སྒྲོལ་མ་དང་། །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །རྒྱལ་བ་སྲས་བཅས་ཐམས་ཅད་ལ། །ཀུན་ནས་དང་བས་ཕྱག་བགྱིའོ། མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་ལ་སོགས་པ། །དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་འབུལ། །འཕགས་མའི་ཚོགས་རྣམས་བཞེས་སུ་གསོལ། །ཐོག་མ་མེད་ནས་ད་ལྟའི་བར། །མི་དགེ་བཅུ་དང་མཚམས་མེད་ལྔ། །སེམས་ནི་ཉོན་མོངས་དབང་གྱུར་པའི། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །སོ་སོ་སྐྱེ་བོ་ལ་སོགས་པས། །དུས་གསུམ་དགེ་བ་ཅི་བསགས་པའི། བསོད་ནམས་ལ་ནི་བདག་ཡི་རང་། སེམས་ཅན་རྣམས་ཀྱི་བསམ་པ་དང་། །བློ་ཡི་བྱེ་བྲག་ཇི་ལྟ་བར། །ཆེ་ཆུང་ཐུན་མོང་ཐེག་པ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །འཁོར་བ་ཇི་སྲིད་མ་སྟོང་བར། །མྱ་ངན་མི་འདའ་ཐུགས་རྗེ་ཡིས། །སྡུག་བསྔལ་རྒྱ་མཚོར་བྱིང་བ་ཡི། །སེམས་ཅན་རྣམས་ལ་གཟིགས་སུ་གསོལ། །བདག་གིས་བསོད་ནམས་ཅི་བསགས་པ། །ཐམས་ཅད་བྱང་ཆུབ་རྒྱུར་གྱུར་ནས། །རིང་པོར་མི་ཐོགས་འགྲོ་བ་ཡི། །འདྲེན་པའི་དཔལ་དུ་བདག་གྱུར་ཅིག། ཅེས་པ་འདི་ནི་དགེ་སློང་མ་དཔལ་མོས་མཛད་པར་གྲགས་སོ། །


རྒྱ་ གར་སྐད་དུ། ཨཱརྱ་ཏ་རཱེ་མནྟྲ་མཱུ་ལ་སྟོཏྟྲ་ན་མ་སྐ་རཻཀ་བིཾ་ཤ་ཏི་ཀ་ན་མ། བོད་སྐད་དུ། འཕགས་མ་སྒྲོལ་མའི་རྩ་བའི་སྔགས་ཀྱིས་བསྟོད་ཅིང་ཕྱག་འཚལ་བ་ཉི་ཤུ་རྩ་གཅིག་པ་ ཞེས་བྱ་བ་ནི།
༄༅། །ༀ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། སྤྱན་ནི་སྐད་ཅིག་གློག་དང་འདྲ་མ། །འཇིག་རྟེན་གསམ་མགོན་ཆུ་སྐྱེས་ཞལ་གྱི། །གེ་སར་བྱེ་བ་ལས་ནི་བྱུང་མ། ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ། །གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ། སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས། །རབ་ཏུ་ཕྱེ་བའི་འོད་རབ་འབར་མ། །ཕྱག་འཚལ་སེར་སྔོ་ཆུ་ནས་སྐྱེས་ཀྱིས། །པདྨས་ཕྱག་ནི་རྣམ་པར་བརྒྱན་མ། །སྦྱིན་པ་བརྩོན་འགྲུས་བཀའ་ཐུབ་ཞི་བ། །བཟོད་པ་བསམ་གཏན་སྤྱོད་ཡུལ་ཉིད་མ། །ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར། །མཐའ་ཡས་རྣམ་པར་རྒྱལ་བ་སྤྱོད་མ། །མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི། །རྒྱལ་བའི་སྲས་ཀྱི་ཤིན་ཏུ་བསྟེན་མ། །ཕྱག་འཚལ་ཏུ་ཏཱ་ར་ཧཱུྃ་ཡི་གེ། །འདོད་དང་ཕྱོགས་དང་ནམ་མཁའ་གང་མ། །འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ། །ལུས་པ་མེད་པར་འགུགས་པར་ནུས་མ། །ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ། །རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ། །འབྱུང་པོ་རོ་ལངས་དྲི་ཟ་རྣམས་དང་། །གནོད་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ། །ཕྱག་འཚལ་ཏྲཊ་ཅེས་བྱ་དང་ཕཊ་ཀྱིས། །ཕ་རོལ་འཁྲུལ་འཁོར་རབ་ཏུ་འཇོམས་མ། །གཡས་བསྐུམ་གཡོན་བརྐྱང་ཞབས་ཀྱིས་མནན་ཏེ། །མེ་འབར་འཁྲུག་པ་ཤིན་ཏུ་འབར་མ། །ཕྱག་འཚལ་ཏུ་རེ་འཇིགས་པ་ཆེན་པོ། །བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ། །ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད། །དགྲ་བོ་ཐམས་ཅད་མ་ལུས་གསོད་མ། །ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི། །སོར་མོའི་ཐུགས་ཀར་རྣམ་པར་བརྒྱན་མ། །མ་ལུས་ཕྱོགས་ཀྱི་འཁོར་ལོ་བརྒྱན་པའི། །རང་གི་འོད་ཀྱི་ཚོགས་རྣམས་འཁྲུག་མ། །ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི། །དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མ། །བཞད་པ་རབ་བཞད་ཏུ་ཏཱ་ར་ཡིས། །བདུད་དང་འཇིག་རྟེན་དབང་དུ་མཛད་མ། ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། ཐམས་ཅད་འགུགས་པ་ནུས་པ་ཉིད་མ། ཁྲོ་གཉེར་གཡོ་བའི་ཡི་གེ་ཧཱུཾ་གིས། ཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མ། །ཕྱག་འཚལ་ཟླ་བའི་ཟླུམ་བུ་དབུ་རྒྱན། །བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ། །རལ་པའི་ཁྲོད་ནས་འོད་དཔག་མེད་ལས། །རྟག་པར་ཤིན་ཏུ་འོད་རབ་མཛད་མ། །ཕྱག་འཚལ་བསྐལ་པ་ཐ་མའི་མེ་ལྟར། །འབར་བའི་ཕྲེང་བའི་དབུས་ན་གནས་མ། །གཡས་བརྐྱང་གཡོན་བསྐུམ་ཀུན་ནས་བསྐོར་དགའི། །དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ། ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི། །མཐིལ་གྱིས་བསྣུན་ཅིང་ཞབས་ཀྱིས་བརྡུང་མ། །ཁྲོ་གཉེར་ཅན་མཛད་ཡི་གེ་ཧཱུཾ་གིས། །རིམ་པ་བདུན་པོ་རྣམས་ནི་འགེམས་མ། །ཕྱག་འཚལ་བདེ་མ་འགེགས་མ་ཞི་མ། །མྱ་ངན་འདས་ཞི་སྤྱོད་ཡུལ་ཉིད་མ། སྭཱ་ཧཱ་ༀ་དང་ཡང་དག་ལྡན་པས། །སྡིག་པ་ཆེན་པོ་འཇོམས་པ་ཉིད་མ། །ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི། །དགྲ་ཡི་ལུས་ནི་རབ་ཏུ་འགེམས་མ། །ཡི་གེ་བཅུ་པའི་ངང་ནི་བཀོད་པའི། །རིག་པ་ཧཱུཾ་ལས་སྒྲོལ་མ་ཉིད་མ། ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པས། ཧཱུྃ་གི་རྣམ་པའི་ས་བོན་ཉིད་མ། །རི་རབ་མནྡཱ་ར་དང་འབིགས་བྱེད། །འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ། །ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི། །རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མ། །ཏཱ་ར་གཉིས་བརྗོད་ཕཊ་ཀྱི་ཡི་གེས། །དུག་རྣམས་མ་ལུས་པ་ནི་སེལ་མ། །ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ། །ལྷ་དང་མིའམ་ཅི་ཡིས་བསྟེན་མ། །ཀུན་ནས་གོ་ཆ་དགའ་བ་བརྗིད་ཀྱིས། །རྩོད་དང་རྨི་ལམ་ངན་པ་སེལ་མ། །ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི། སྤྱན་གཉིས་པོ་ལ་འོད་རབ་གསལ་མ། །ཧ་ར་གཉིས་བརྗོད་ཏུ་ཏཱ་ར་ཡིས། །ཤིན་ཏུ་དྲག་པོའི་རིམས་ནད་སེལ་མ། ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པས། །ཞི་བའི་མཐུ་དང་ཡང་དག་ལྡན་མ། །གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས། །འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ། །རྩ་བའི་སྔགས་ཀྱི་བསྟོད་པ་འདི་དང་། ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག། །། 
༈ ལྷ་མོ་ལ་གུས་ཡང་དག་ལྡན་པའི། །བློ་ལྡན་གང་གིས་རབ་དང་བརྗོད་དེ། །སྲོད་དང་ཐོ་རངས་ལངས་པར་བྱས་ནས། །དྲན་པས་མི་འཇིགས་ཐམས་ཅད་རབ་སྟེར། །སྡིག་པ་ཐམས་ཅད་རབ་ཏུ་ཞི་བྱེད། །ངན་འགྲོ་ཐམས་ཅད་འཇོམས་པ་ཉིད་དོ། །རྒྱལ་བ་བྱེ་བ་ཕྲག་བདུན་རྣམས་ཀྱིས། །མྱུར་དུ་དབང་ནི་བསྐུར་བར་འགྱུར་ལ། །འདི་ལས་ཆེ་བ་ཉིད་ནི་ཐོབ་ཅིང་། །སངས་རྒྱས་གོ་འཕང་མཐར་ཐུག་དེར་འགྲོ། །དེ་ཡི་དུག་ནི་དྲག་པོ་ཆེན་པོ། །བསྟེན་ནས་པའམ་གཞན་ཡང་འགྲོ་བ། །ཟོས་པ་དང་ནི་འཐུངས་པ་ཉིད་ཀྱང་། །དྲན་པས་རབ་ཏུ་སེལ་བ་ཉིད་ཐོབ། །གདོན་དང་རིམས་དང་དུག་གིས་གཟིར་བའི། །སྡུག་བསྔལ་ཚོགས་ནི་རྣམ་པར་སྤངས་ཏེ། །སེམས་ཅན་གཞན་པ་རྣམས་ལ་ཡང་ངོ་། །གཉིས་གསུམ་བདུན་དུ་མངོན་པར་བརྗོད་ན། །བུ་འདོད་པས་ནི་བུ་ཐོབ་འགྱུར་ཞིང་། །ནོར་འདོད་པས་ནི་ནོར་རྣམས་ཉིད་ཐོབ། །འདོད་པ་ཐམས་ཅད་ཐོབ་པར་འགྱུར་ལ། །བགེགས་རྣམས་མེད་ཅིང་སོ་སོར་འཇོམས་འགྱུར་ཅིག། །།འཕགས་མ་སྒྲོལ་མ་ལ་བསྟོད་ཅིང་ཕྱག་འཚལ་བ་ཉི་ཤུ་རྩ་གཅིག་པ་རྫོགས་སོ། ཕྱག་འཚལ་ཉེར་གཅིག་གི་བསྟོད་པ་འདི་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ཆེན་པོས་གསུངས་པ་སྟེ་རྒྱུད་ལས་ཕྱུང་བའོ། །

སྒྲོལ་མ་སྐྱབས་མདུན་མ། །
༄༅། །མ་སྐྱེ་བ་མེད་པའི་ཆོས་དབྱིངས་ན། ཡུམ་རྗེ་བཙུན་ལྷ་མོ་སྒྲོལ་མ་བཞུགས། །དེ་སེམས་ཅན་ཀུན་ལ་བདེ་སྟེར་མ། །བདག་འཇིགས་པ་ཀུན་ལས་བསྐྱབ་ཏུ་གསོལ། །རང་ཆོས་སྐུ་ཡིན་པར་མ་ཤེས་པར། །སེམས་ཉོན་མོངས་དབང་དུ་གྱུར་པ་ཡི། །མ་འཁོར་བར་འཁྱམས་པའི་སེམས་ཅན་ལ། །ཡུམ་ལྷ་མོ་ཁྱོད་ཀྱིས་བསྐྱབ་ཏུ་གསོལ། །ཆོས་སྙིང་ནས་རྒྱུད་ལ་མ་སྐྱེས་པར། །ཐ་སྙད་ཚིག་གི་རྗེས་འབྲངས་ནས། །གྲུབ་མཐའ་ངན་པས་བསླུས་པ་ལ། །ཡུམ་ཡང་དག་གི་ལྷ་མོས་བསྐྱབ་ཏུ་གསོལ། །རྟོགས་པར་དཀའ་བ་རང་གི་སེམས། །མཐོང་ནས་གོམས་པར་མི་བྱེད་པར། །བྱ་བ་ངན་པས་གཡེང་བ་ལ། །ཡུམ་དྲན་པའི་ལྷ་མོས་བསྐྱབ་ཏུ་གསོལ། །སེམས་རང་བྱུང་གཉིས་མེད་ཡེ་ཤེས་ལ། །གཉིས་སུ་འཛིན་པའི་བག་ཆགས་ཀྱིས། །ཇི་ལྟར་བྱས་ཀྱང་བཅིངས་པ་རྣམས། །ཐུགས་གཉིས་མེད་ཀྱི་ལྷ་མོས་བསྐྱབ་ཏུ་གསོལ། །ཡང་དག་གི་དོན་ལ་གནས་བྱས་ཀྱང་། །རྒྱུ་འབྲས་ཀྱི་རྟེན་འབྲེལ་མི་ཤེས་པས། །ཤེས་བྱའི་དོན་ལ་རྨོངས་པ་ལ། །ཡུམ་ཀུན་མཁྱེན་གྱི་ལྷ་མོས་བསྐྱབ་ཏུ་གསོལ། །སྤྲོས་བྲལ་ནམ་མཁའི་མཚན་ཉིད་ཅན། །ཐམས་ཅད་དེ་དང་དབྱེར་མེད་ཀྱིས། །ད་དུང་སློབ་མའི་གང་ཟག་ལ། །ཡུམ་རྫོགས་སངས་རྒྱས་ཀྱིས་བསྐྱབ་ཏུ་གསོལ། །ཅེས་པ་ཨེ་ཆུང་ཕུག་ཏུ་རྗེ་འཇིག་རྟེན་མགོན་པོས་འཕགས་མ་སྒྲོལ་མ་བདུན་ཞལ་ གཟིགས་དུས་གསོལ་བ་བཏབ་པ་སྐྱབས་བདུན་མར་གྲགས་པ་བྱིན་བརླབས་ཤིན་ཏུ་ཆེ་བར་ གྲགས་སོ། །


༄༅། །ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུརྤུཎྱཻཛྙཱན་པུཥྚིྃ་ཀུ་རུ་ཡེ་སྭ་ཧཱ། །
རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་མྱུར་རྫོགས་ནས། །རྫོགས་པའི་སངས་རྒྱས་ཐོབ་པར་མཛད་དུ་གསོལ། །དེ་མ་ཐོབ་ཀྱི་ཚེ་རབས་ཀུན་ཏུ་ཡང་། ལྷ་དང་མི་ཡི་བདེ་བ་མཆོག་ཐོབ་ནས། །ཐམས་ཅད་མཁྱེན་པ་སྒྲུབ་པར་བྱེད་པ་ལ། བར་ཆད་དོན་བགེགས་རིམས་དང་ནད་ལ་སོགས། །དུས་མིན་འཆི་བར་འགྱུར་བ་སྣ་ཚོགས་དང་། །རྨི་ལམ་ངན་པ་མཚན་མ་ངན་པ་དང་། འཇིགས་པ་བརྒྱད་སོགས་ཉེ་བར་འཚེ་བ་རྣམས། །མྱུར་དུ་ཞི་ཞིང་མེད་པར་མཛད་དུ་གསོལ། །འཇིག་རྟེན་འཇིག་རྟེན་ལས་ནི་འདས་པ་ཡི། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ་རྣམས། །འཕེལ་ཞིང་རྒྱས་པའི་དོན་རྣམས་མ་ལུས་པ། །འབད་མེད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །བསྒྲུབ་ལ་བརྩོན་ཞིང་དམ་ཆོས་འཕེལ་བ་དང་། རྟག་ཏུ་ཁྱེད་སྒྲུབ་ཞལ་མཆོག་མཐོང་བ་དང་། །སྟོང་ཉིད་དོན་རྟོགས་བྱང་སེམས་རིན་པོ་ཆེ། །ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད། །རྗེ་བཙུན་གྲགས་རྒྱལ་གྱིས་གསུངས་སོ། །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བའི་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །བདག་གི་ཚེ་རབས་སྔོན་ནས་བསྒྲུབས་པའི་ལྷ། །དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས་དཔའ། སྔོ་ལྗང་ཞལ་ཅིག་ཕྱག་གཉིས་མྱུར་ཞི་མ། །ཡུམ་གྱུར་ཨུཏྤལ་བསྣམས་པའི་བཀྲ་ཤིས་ཤོག །འགྲོ་མགོན་ཆོས་རྒྱལ་འཕགས་པ་རིན་པོ་ཆེའི་གསུང་ངོ། །རྒྱལ་ཡུམ་སྒྲོལ་མ་ཁྱེད་སྐུ་ཅི་འདྲ་དང་། འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་། །ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །མདོ་སྡེ་ལས་ཚིག་འགྱུར་བའོ། །ཁྱོད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །བདག་སོགས་གང་དུ་གནས་པའི་ས་ཕྱོགས་སུ། །ནད་གདོན་དབུལ་ཕོངས་འཐབ་རྩོད་ཞི་བ་དང་ །ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །ཆོས་རྒྱལ་ཁྲི་སྲོང་གི་གསུང་དུ་གྲགས་སོ། །


ༀ། འཇིགས་པ་བརྒྱད་སྐྱོབས་མ་ལ་ཕྱག་འཚལ་ལོ། །བཀྲ་ཤིས་དཔལ་འབར་མ་ལ་ཕྱག་འཚལ་ལོ།
ངན་སོང་སྒོ་འགེགས་མ་ལ་ཕྱག་འཚལ་ལོ། །མཐོ་རིས་ལམ་བསྟན་མ་ལ་ཕྱག་འཚལ་ལོ།
རྟག་ཏུ་ཁྱོད་ཀྱིས་སྲུང་བར་བྱ། །ད་དུང་ཁྱེད་ཀྱིས་སྐྱབས་ཏུ་གསོལ།

རྗེ་བཙུན་འཕགས་མ་སྒྲོལ་མ་ཁྱེད་མཁྱེན་ནོ། །འཇིགས་དང་སྡུག་བསྔལ་ཀུན་ལས་སྐྱབས་ཏུ་གསོལ། །

༈སྒྲོལ་མ་ཉེར་གཅིག་གི་མཚན། རྒྱལ་བའི་སྤྱན་སྔར་ཐུགས་བསྐྱེད་རྒྱལ་ཀུན་ཡུམ་གྱུར་མ་ལུས་རྒྱལ་བའི་འཕྲིན་ལས་ཀུན་སྒྲུབ་མ། །༡མྱུར་མ་དཔའ་མོ་༢དབྱངས་ཅན་༣བསོད་ནམས་མཆོག་སྟེར་༤རྣམ་རྒྱལ་༥རིག་བྱེད་མ་དང་༦འཇིགས་བྱེད་མ། །༧གཞན་གྱིས་མི་ཐུབ་༨གཞན་ལས་རྒྱལ་དང་༩སེང་ལྡེང་ནགས་སྒྲོལ་༡༠འཇིག་རྟེན་གསུམ་མགོན་༡༡ནོར་སྟེར་མ། །༡༢བཀྲ་ཤིས་དོན་བྱེད་༡༣དགྲ་དཔུང་འཇོམས་མ་༡༤ཁྲོ་གཉེར་ཅན་མཛད་༡༥རབ་ཞི་༡༦འབར་བའི་འོད་ཅན་མ། །༡༧དཔག་མེད་གནོན་མ་༡༨རྨ་བྱ་ཆེན་མོ་༡༩རི་ཁྲོད་མ་དང་༢༠འབར་མ་༢༡འོད་ཟེར་ཅན་མར་འདུད། །འགྲོ་ཀུན་སྲིད་ལས་སྒྲོལ་ཕྱིར་བྱང་ཆུབ་ཐོབ་འདོད་བདག་ཀྱང་ཁྱོད་ལ་རེའོ་རྗེ་བཙུན་མ། །འདི་ངག་ཐོགས་ནས་བྲིས་པས་མ་དག་པ་སྲིད། །