Saturday, 15 September 2012

༄༅། །བློ་གྲོས་ཐོལ་གླུ། །


༄༅། །ན་མོ་གུ་རུ་བློ་གྲོས་ཐོལ་གླུ།
༼ཇི་སྐད་དུ། ཡང་དག་ཤེས་ཚོལ་སྔོན་བཏང་ནས། །ཞེས་སོགས་དང་། ཤེས་རབ་ཀྱི་དབང་དུ་སྙིང་རྗེ་གྱུར་པས་ན་སྟོང་ཉིད་རྟོགས་པ་ན་སྙིང་རྗེ་ངང་གིས་སྐྱེས། ཞེས་གསུངས་པ་བཞིན་ཡུལ་རྣམ་ཐར་སྒོ་གསུམ་སྒྲུབ་བྱེད་ལ།༽དང་པོ་རང་ནས་འབྱུང་དུས། །སྐྱེ་མེད་ཨ་མའི་ཆོས་འབྱུང་། །༼ཞེས་རྒྱུ་ལ་དཔྱོད་པ་རྡོ་རྗེ་གཟེགས་མ།༽བར་དུ་བུ་ཆུང་རྩེད་ས། །སྒྱུ་མའི་ཐང་ལ་བྱེད་ཀྱང་། །༼ཞེས་ངོ་བོ་ལ་དཔྱོད་པ་གཅིག་དུ་བྲལ།༽མཐའ་མ་བུ་ཆུང་ལོག་ས། །ཨ་མའི་པང་ལས་མིན་འདུག །༼ཞེས་འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་དང་དེས་སྦྲེལ་རིགས་པའི་རྒྱལ་པོ་རྟེན་འབྲེལ་གྱི་གཏན་ཚིག་གིས་ཡུལ་སྟོང་ཉིད་གཏན་ལ་ཕབ། མི་ཕམ་གྱིས། རྫོགས་ཆེན་ལྟ་བ་རྟོགས་པ་ལ། །ཐལ་གྱུར་ལྟ་བ་མཐར་ཕྱིན་དགོས། །ཞེས་པའོ།།༽
༼ཡུལ་གྱི་ལྟ་བ་དེ་ཉིད་ཡུལ་ཅན་བདེ་བ་ཆེན་པོས་ཉམས་སུ་མྱོང་ཚུལ་བླ་མེད་ཀུན་གྱི་རྩེ་མོ་རིག་པ་ངོ་ཕྲོད་ཚུལ།༽སྣང་བ་ཕ་ལ་མ་གཡེང་། །སེམས་པ་ཚུར་ལ་མ་འཛིན། །བར་མཚམས་ས་ལེར་སིང་ངེ་། །རིག་པའི་ཁྱིའུ་ཆུང་ཡིནོ། །
༼མཉམ་རྗེས་གང་གི་སྐབས་སུ་དེ་ཉིད་དྲན་པ་བསྟེན་ཚུལ་དང་དེས་ན་ཉོན་མོངས་ཀྱིས་མི་ཚུགས་ཚུལ།༽གནས་ན་རིག་པའི་རང་ས། །གྱུ་ན་རིག་པའི་རང་གདངས། །གནས་གྱུ་གཉིས་ཀྱི་བར་ན། །ཉོན་མོངས་འཛུལ་ས་མིན་འདུག །
༼ཐར་པ་ཐོབ་ཚུལ།༽ཉོན་མོངས་མེད་ན་ལས་མེད། །ལས་མེད་འཁོར་བ་རང་སངས། །རང་སངས་མི་གནས་མྱང་འདས། །འབྲས་བུའི་མཐར་ཐུག་ཡིནོ། །
༼འདིའི་ཆེ་བ་དང་བསྔོ་བ།༽ཚིག་འདི་ཐོས་གྲོལ་ཆེན་མོ། །སྲས་བཅས་རྒྱལ་བའི་གསུང་བཞིན། །སུས་ཐོས་ཆོས་ཉིད་ཀློང་གྲོལ། །ཀུན་བཟང་དགོངས་པ་མངོན་འགྱུར། །ཡིད་བཞིན་ནོར་ལྟར་གཟུགས་སྐུས། །སེམས་ཅན་ཀུན་ལ་སྨན་ཤོག། །།༼བོད་ཀྱི་ནང་ཆོས་ཉམས་ལེན་གནད་བསྡུས་བཅོལ་ཆུང་སྤྲེའུས་གསང་མ་ཐུབ་པར་ཁ་ནས་ཤོར་སོང་།། །།

No comments:

Post a Comment